སི་ཁྲོན་ཞིང་ཆེན་ཏང་ཨུ་སྐབས12པའི་ཚང་འཛོམས་གྲོས་ཚོགས་ཐེངས4པ་འཚོགས།

སྐལ་ཐུབ་ཀྱིས་བསྒྱུར།        2023-12-05

ཀྲུང་གོའི་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྤྱི་བསྒྲགས། 

(2023ལོའི་ཟླ་བ11ཚེས20ཉིན་ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པར་གྲོས་འཆམ་བྱུང་བ།)

   

    ཀྲུང་གོ་གུང་ཁྲན་ཏང་སི་ཁྲོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ2023ལོའི་ཟླ་བ11པའི་ཚེས20ཉིན་ཁྲེང་ཏུའུ་རུ་འཚོགས་པ་རེད།

   ཚང་འཛོམས་གྲོས་ཚོགས་སུ་ཞིང་ཆེན་ཏང་ཨུའི་ཨུ་ཡོན85དང་རྗེས་སྣོན་ཞིང་ཆེན་ཏང་ཨུའི་ཨུ་ཡོན17ཞུགས་ཡོད། ཞིང་ཆེན་སྒྲིག་བཤེར་ཨུ་ལྷན་གྱི་རྒྱུན་ཨུ་དང་། ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱི་ཨུ་ཡོན། འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཟུར་ཞུགས་གནང་བ་རེད། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་འཐུས་མིའི་ཁྲོད་ཀྱི་གཞི་རིམ་བློ་མཐུན་དང་། ཆེད་རམས་པ་དང་མཁས་དབང་། དེ་བཞིན་འབྲེལ་ཡོད་ཕྱོགས་ཀྱི་འཐུས་མི་བཅས་ཀྱང་ཚོགས་འདུར་ཟུར་ཞུགས་གནང་བ་རེད། གཙོ་དོན་སློབ་གསོ་ཁག་གཉིས་པའི་ཀྲུང་དབྱང་གི་སྐོར་སྐྱོད་མཛུབ་ཁྲིད་ཚོ་ཆུང་བཅུ་གཉིས་པའི་འགན་འཁུར་བློ་མཐུན་ཚོགས་འདུར་མཛུབ་ཁྲིད་གནང་བར་ཕེབས།  ཞིང་ཆེན་ཏང་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཚང་འཛོམས་གྲོས་ཚོགས་གཙོ་སྐྱོང་བྱས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ཡིས་གསུང་བཤད་གནང་བ་རེད། 

     ཚང་འཛོམས་གྲོས་ཚོགས་སུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་ཐེངས་གཉིས་པའི་སྙིང་དོན་སློབ་སྦྱོང་ལག་བསྟར་མཐར་ཕྱིན་བྱེད་ཅིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་ལ་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་བའི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་ལ་འཁྱོལ་པ་དང་། ཝང་ཞའོ་ཧུའེ་ཡིས་ཞིང་ཆེན་ཏང་ཨུ་རྒྱུན་ལས་ཨུ་ལྷན་གྱི་ཚབ་མཛད་ནས་ལས་དོན་སྙན་ཞུ་གནང་བར་ཉན་འཇོག་དང་གྲོས་བསྡུར་བྱས་ཤིང་།《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བསྟར་ཏེ་རྫོང་ཁོངས་འཇུག་ས་གཙོ་གནད་དུ་བྱས་ནས་གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ཡོང་བར་ནན་ཏིག་བསྐུལ་དགོས་པའི་སྐོར་གྱི་ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་གཏན་འབེབས》ལ་གྲོས་ཞིབ་བྱས་པ་རེད། ཝང་ཞའོ་ཧུའེ་ཡིས《གཏན་འབེབས(གྲོས་བསྡུར་མ་ཟིན)》སྐོར་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་གནང་བ་རེད། 

     ཚང་འཛོམས་གྲོས་ཚོགས་སུ་ཞིང་ཆེན་ཏང་ཨུ་རྒྱུན་ལས་ཨུ་ལྷན་གྱི་ལས་ཀར་ཁས་ལེན་གང་ལེགས་བྱས་ཡོད། ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ་ནས་བཟུང་། གནས་བབ་ཛ་དྲག་ཆེ་བ་དང་དཀའ་ངལ་དང་འགྲན་སློང་མང་པོར་འཕྲད་ཅིང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སི་ཁྲོན་ཁྱོན་ཡོངས་ནས་སྐྲུན་འགོ་བརྩམས་པའི་ལས་འགན་དཀའ་རྫོབ་ཆེ་བའི་མདུན་དུ།  བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་འགྱུར་མེད་སྟོབས་ལྡན་འོག་ཞིང་ཆེན་ཏང་ཨུས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སི་ཁྲོན་དུ་གཟིགས་ཞིབ་གནང་བར་ཕེབས་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་བསྟར་བའི་གཙོ་དོན་སློབ་གསོ་སྒྲིག་འཛུགས་ཞིབ་ཚགས་བྱས་ཤིང་། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་ཤུགས་ཆེ་རུ་བཏང་བ་དང་།“ཅན་བཞི་མཉམ་སྤེལ་དང་། གྲོང་ཡུལ་མཉམ་འདྲེས། ཁུལ་ལྔ་མཉམ་དར”གྱི་འཕེལ་རྒྱས་འཐབ་ཇུས་ལག་ལེན་མཐར་ཕྱིན་བསྟར་ཞིང་། སི་ཁྲོན་གྱི་ཁྱད་ཆོས་དང་མཐུན་རྐྱེན་འཛོམས་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པར་ཇུས་འགོད་བྱེད་ཅིང་། དཔལ་འབྱོར་འཁོར་སྐྱོད་སྤྱི་ཁོག་ནས་བཟང་ཕྱོགས་སུ་འགྲོ་བ་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་ཤུགས་ཆེན་པོས་སྐུལ་བ་དང་། ཞིང་ཆེན་ཡོངས་ཀྱི་སྟོབས་ཤུགས་བསྡུས་ཏེ་ཁྲེང་ཏུའུ་འཛམ་གླིང་སློབ་ཆེན་སློབ་མའི་དབྱར་དུས་ལུས་རྩལ་འགྲན་ཚོགས་སྐབས31པ་སྤེལ་ནས་ལམ་ལྷོང་བྱུང་ཡོད། ཡུལ་སྡེ་དར་རྒྱས་དང་ཞིང་ལས་ཞིང་སྡེ་དེང་རབས་ཅན་དང་། བཅོས་བསྒྱུར་ཟབ་སྤེལ་དང་སྒོ་འབྱེད་རྒྱ་སྐྱེད། དམངས་གཙོ་ཁྲིམས་སྐྱོང་། དྲིལ་བསྒྲགས་བསམ་བློ་རིག་གནས། དམངས་འཚོ་འགན་སྲུང་དང་ལེགས་བཅོས། འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་བརྟན་པོར་བཟོ་བ། ཉེན་ཁ་སྔོན་ཟོན་དང་བདེ་འཇགས་འགན་སྲུང་། ཏང་ཁྱོན་ཡོངས་ནས་ནན་སྐྱོང་བཅས་ཀྱི་ལས་དོན་གཙོ་བོ་དམ་འཛིན་ནན་ཏིག་བྱས་པར་བརྟེན། དུས་རབས་གསར་པའི་སི་ཁྲོན་བཅོས་སྐྱོང་དར་སྤེལ་གྱི་བྱ་གཞག་ཁག་ལ་གོང་འཕེལ་གསར་པ་བྱུང་ཞིང་། དཔལ་འབྱོར་འཕར་ཕྱོགས་བཟང་བ་དང་དམངས་འཚོ་ལེགས་བཅོས་རྒྱུན་ཆད་མེད་པ་ཡོང་བ། སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་པོ་ཡིན་པའི་རྣམ་པ་བཟང་པོ་བྱུང་ཡོད་པའི་ངོས་འཛིན་གཅིག་མཐུན་བྱུང་བ་རེད།

     ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོན་རྟགས་གལ་ཆེན་ཞིག་དང་། གྲོང་ཡུལ་སྣེ་གཉིས་གྲུབ་ཚུལ་གཏོར་བ་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི་བར་མཐོངས་རྒྱ་སྐྱེད་པ། མི་དམངས་ཡོངས་མཉམ་དུ་ཕྱུག་འབྱོར་ཡོང་བའི་འཛིན་གཞི་འགངས་ཆེན་ཡང་ཡིན།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་ཁྱོན་ཡོངས་མཐོ་ཚད་ནས་རང་རྒྱལ་གྲོང་ཡུལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཚད་དཔོག་དང་འཕེལ་རྒྱས་ཁྱད་ཆོས་གསར་པར་ཚན་རིག་དང་མཐུན་པའི་ངང་ཞིབ་འཇུག་དང་བརྡར་ཤ་བཅད་དེ། གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་བའི་བརྗོད་གཞི་གལ་ཆེན་བཏོན་པ་དང་འབྲེལ་རིགས་པའི་གཞུང་ལུགས་ཐད་སྙིང་བསྡུས་གསར་པ་དང་། ལམ་ལུགས་ཐད་ཇུས་འགོད་གསར་པ། ལག་ལེན་ཐད་འཚོལ་ཞིབ་གསར་པ་བྱས་ནས། རང་རྒྱལ་གྱི་གྲོང་ཡུལ་འབྲེལ་བར་འགྱུར་ལྡོག་ཆེན་པོ་འགྲོ་བར་བསྐུལ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་གྱི་གྲོང་ཡུལ་འཕེལ་རྒྱས་ལ་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་ཞིང་། སི་ཁྲོན་དུ་གཟིགས་ཞིབ་གནང་ཐེངས་རེར་དེའི་ཐད་མཛུབ་སྟོན་གལ་ཆེན་གནང་བས་སི་ཁྲོན་གྱིས་གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་བཏང་ནས་གྲོང་ཡུལ་མཉམ་དུ་དར་རྒྱས་ཡོང་བར་ཐུགས་རེ་ཆེན་མོ་བཅངས་ཡོད། སྤྱི་ཚོགས་རིང་ལུགས་ དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་སྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་གསར་དུ་གོམ་སྟབས་སྤོ་བ་ལ། ཏང་ཀྲུང་དབྱང་གིས་གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་རྒྱུན་འཁྱོངས་དང་གྲོང་ཡུལ་གཙོ་རྐྱེན་འཁོར་རྒྱུག་ཐུབ་པ་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་བའི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། 2035ལོའི་གོང་གི་དུས་མཚམས་ནི་གྲོང་ཡུལ་སྣེ་གཉིས་གྲུབ་ཚུལ་གཏོར་བ་དང་གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ནང་སྲོལ་འཐུས་ཚང་དུ་གཏོང་བའི་དུས་སྐབས་བཟང་པོ་ཡིན་པས་ངེས་པར་དུ་གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ནང་སྲོལ་དང་སྲིད་ཇུས་མ་ལག་མགྱོགས་མྱུར་བཙུགས་ཤིང་འཐུས་ཚང་གཏོང་བ་དང་། གྲོང་ཡུལ་འཕེལ་རྒྱས་ཀྱི་ཧེ་བག་རིམ་བཞིན་བསྟུངས་ནས་གྲོང་ཡུལ་མཉམ་དུ་དར་རྒྱས་ཡོང་བར་བསྐུལ་དགོས་ཞེས་ནན་པོར་བསྟན་ཡོད། གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་གཏོང་བ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སྤྱི་ཡོངས་དང་འབྲེལ་བ་ཡོད་ཅིང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་འཕེལ་རྒྱས་ཀྱི་གནས་བབ་གསར་པ་འཛུགས་པ་དང་འབྲེལ་བ་ཡོད་ལ། མི་དམངས་ཡོངས་མཉམ་དུ་ཕྱུག་འབྱོར་ཡོང་བ་དང་ཡང་འབྲེལ་བ་ཡོད་པས། དོན་སྙིང་གལ་ཆེན་དང་གཏིང་ཟབ་ལྡན་ཡོད། ང་ཚོས་སྤྱི་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་གྲོང་ཡུལ་གྱི་འབྲེལ་བ་ཁོང་དུ་ཆུད་པ་དང་ཐག་བཅད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་རེ་རེ་བཞིན་དོན་ལ་མཐའ་གཅིག་ཏུ་འཁྱོལ་དགོས། 

     ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། སི་ཁྲོན་ལ་གྲོང་ཁྱེར་ཆེན་པོ་ཡོད་ལ་ཞིང་སྡེ་ཆེན་པོའང་ཡོད་ཅིང་། གྲོང་ཡུལ་བར་གྱི་ཧེ་བག་དང་ས་ཁོངས་བར་གྱི་ཧེ་བག་སྣོལ་འཛིང་དུ་གནས་ཤིང་གྲོང་ཡུལ་སྣེ་གཉིས་གྲུབ་ཚུལ་དེ་བས་མངོན་གསལ་དོད་པོ་ཡོད་པས་གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་ལས་འགན་གྱི་དཀའ་ཚེགས་དང་དགོས་གཏུག་དེ་བས་ཆེ་བ་ རེད། བསྒྱུར་བཅོས་སྒོ་འབྱེད་དང་ལྷག་པར་དུ་དུས་རབས་གསར་པ་ཤར་ཚུན་འཚོལ་ཞིབ་དང་ལག་ལེན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་གྲོང་ཡུལ་འཕེལ་རྒྱས་ཀྱི་བཀོད་བབ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་། གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་གཏོང་བ་དང་གྲོང་ཡུལ་འབྲེལ་བ་གསར་པ་འཛུགས་པའི་སྤུས་ཚད་དང་མྱུར་ཚད་སྤར་བའི་འགག་རྩའི་དུས་སྐབས་སུ་སླེབས་ཡོད། དུས་རབས་གསར་པའི་རྒྱང་སྐྱོད་ལམ་གསར་དུ་གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་གཏོང་བར་ང་ཚོར་ལས་ཀའི་རྨང་གཞི་དང་། དངོས་ཡོད་ཆ་རྐྱེན། བར་མཐོངས་ཀྱི་གཏིང་ཤུགས། འཐབ་ཇུས་ཀྱི་གོ་སྐབས་བཅས་ཡོད་པས་ངེས་པར་དུ་ཞིང་ཆེན་ཏང་ཨུའི“གཙོ་གནད་རྫོང་ཁོངས་སུ་ཡོད་པ་དང་དཀའ་གནད་ཡུལ་སྡེར་ཡོད་པའི”སྐོར་གྱི་བརྡར་གཅོད་གལ་ཆེན་ཁོང་དུ་འཕྱུགས་མེད་ཆུད་པ་དང་།“སྣེ་གཉིས་དམ་འཛིན་ཡག་པོ་དང་བར་མ་ཤར་གྲོལ་ཐུབ་པའི”ལས་ཀའི་བསམ་ཕྱོགས་ལྟར། རྫོང་ཁོངས་འཇུག་གནས་གལ་ཆེན་དུ་བརྩིས་ཏེ་གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་བཏང་ནས། བཟོ་ཞིང་ཕན་ཚུན་སྐུལ་རེས་དང་། གྲོང་ཡུལ་ཕན་ཚུན་གསབ་རེས། འཕེལ་རྒྱས་མཐུན་སྦྱོར་ཡོང་བ། མཉམ་དུ་དར་རྒྱས་ཡོང་བ་བཅས་ཀྱི་བཟོ་ཞིང་གྲོང་ཡུལ་འབྲེལ་བ་གསར་པ་མགྱོགས་མྱུར་ཆགས་པར་བྱ་དགོས། 

      ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། སི་ཁྲོན་གྱིས་གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་གཏོང་བར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་ཁྱོན་ཡོངས་ནས་ལག་ལེན་བསྟར་བ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་ལ་གནང་བའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ཅིང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ཞིང་ཡང་དག་པ། ཁྱོན་ཡོངས་ནས་ལག་ལེན་བསྟར་བ་དང་། འཕེལ་རྒྱས་ཀྱི་གནས་བབ་གསར་པར་ཞབས་ཞུ་དང་མཉམ་འདྲེས་ཐུབ་ཅིང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་བ། མཉམ་དུ་ཕྱུག་འབྱོར་ཡོང་བར་དམིགས་ཤིང་། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་པ་སྤྱིའི་སྣེ་ཁྲིད་སར་བྱེད་པ་རྒྱུན་འཁྱོངས་ཤིང་།“ཅན་བཞི་མཉམ་སྤེལ་དང་། གྲོང་ཡུལ་མཉམ་འདྲེས། ཁུལ་ལྔ་མཉམ་དར”གྱི་འཕེལ་རྒྱས་འཐབ་ཇུས་ལག་ལེན་མཐར་ཕྱིན་བསྟར་བ་དང་། རྫོང་ཁོངས་འགག་གནད་གཏོར་བྱེད་གལ་ཆེན་དུ་བརྩིས་པ། ཡུལ་སྡེ་དར་རྒྱས་འཐབ་ཇུས་དང་གྲོང་རྡལ་ཅན་གསར་པའི་འཐབ་ཇུས་མཐུན་སྦྱོར་ངང་སྐུལ་བ་འཛིན་གཞི་རུ་བྱས་ཤིང་། གྲོང་ཡུལ་འཕེལ་རྒྱས་ཀྱི་ཧེ་བག་བསྟུངས་པ་དང་གཞིས་མིའི་འཚོ་བའི་ཆུ་ཚད་ཀྱི་ཧེ་བག་བསྟུངས་པ་དམིགས་ཡུལ་དུ་བཟུང་བ། ཐོན་དབང་ལམ་ལུགས་དང་གཙོ་རྐྱེན་ཁྲོམ་ར་ཅན་དུ་བཀོད་སྦྱོར་འཐུས་ཚང་དུ་གཏོང་བ་ཡིས་གཙོས་བྱས་ཏེ། དུས་སྐབས་བཟང་པོ་དམ་དུ་བཟུང་ནས་ཤུགས་ཡོད་དགུས་འགག་སྒྲོལ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བླང་བྱ་དང་མཐུན་ཞིང་སི་ཁྲོན་གྱི་ཁྱད་ཆོས་ཡོད་པའི་གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་གསར་དུ་འབད་པས་བསྐྱོད་དགོས། ངེས་པར་དུ་ཁ་ཕྱོགས་ཡང་དག་པ་སྟངས་འཛིན་ནན་པོ་བྱེད་ཅིང་། གྲོང་ཡུལ་བསམ་ཇུས་གཅིག་གི་འདུ་ཤེས་སྐྱེད་པ་དང་། ཞིང་ལས་དང་ཞིང་སྡེ་སྔོན་ལ་འཕེལ་རྒྱས་གཏོང་བ་རྒྱུན་འཁྱོངས་ཤིང་། བཟོ་ལས་ཀྱིས་ཞིང་ལས་ལ་ཁ་གསབ་དང་གྲོང་ཁྱེར་གྱིས་ཡུལ་ཤོག་ལ་སྐུལ་ཤུགས་ཆེ་རུ་གཏོང་བ་དང་། རྒྱུད་རིམ་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་ཆེ་རུ་གཏང་དགོས། ངེས་པར་དུ་ཤུགས་རྒྱག་ས་གཙོ་བོ་ཁོང་དུ་ནན་པོ་ཆུད་ཅིང་། རྫོང་ཁོངས་གཞི་རྩའི་ཚན་པར་བརྩི་བ་རྒྱུན་འཁྱོངས་ཤིང་།“ཐོན་ལས་དར་རྒྱས་དང་གཙོ་རྐྱེན་འཁྲུག་པོ། ཞབས་ཞུ་ལེགས་པོ། བཅོས་སྐྱོང་ཤུགས་ཡོད”ཡོང་བར་དམིགས་ཏེ་གྲོང་ཡུལ་འཆར་འགོད་བཀོད་སྒྲིག་དང་། གཙོ་རྐྱེན་བཀོད་སྦྱོར། ཐོན་ལས་འཕེལ་རྒྱས། རྨང་གཞིའི་སྒྲིག་བཀོད། སྤྱི་པའི་ཞབས་ཞུ། སྐྱེ་ཁམས་སྲུང་སྐྱོང་སོགས་ཕན་ཚུན་མཉམ་འདྲེས་དང་མཐུན་སྦྱོར་འཕེལ་རྒྱས་ཡོང་བ་སྤྱི་འདོམས་ངང་བསྐུལ་ནས། རྫོང་དང་། ཡུལ་ཤོག། གྲོང་སྡེ་བཅས་ཀྱི་བྱེད་ནུས་འབྲེལ་མཐུད་གསབ་རེས་ཀྱི་གནས་བབ་མགྱོགས་པོ་བསྐྲུན་དགོས། ངེས་པར་དུ་ཚན་རིག་དང་མཐུན་པའི་བྱ་ཐབས་ཁོང་དུ་ནན་པོ་ཆུད་ཅིང་། བསྒྱུར་བཅོས་ཀྱི་ཚད་བརྒལ་དང་སྣེ་ཁྲིད་ནུས་པ་ཆེ་རུ་གཏོང་བ་དང་། ས་ཁུལ་མི་འདྲ་བའི་འཕེལ་རྒྱས་ཀྱི་དུས་མཚམས་དང་ཡུལ་སྡེའི་ཧེ་བག་ལ་བསམ་གཞིག་གང་ལེགས་བྱས་ཏེ། ཡུལ་བབ་དང་བསྟུན་པ་དང་། རིགས་བགོས་ནས་ཁྲིད་སྟོན། ཇུས་འདོན་གནད་ལ་སྨིན་བའི་སྒོ་ནས་ལོ་རྒྱུས་ཀྱི་ངང་རྒྱུད་སྲུང་འཛིན་དང་ཤུགས་ཆད་མེད་རྒྱག་ཅིང་སྙིང་རུས་གཏན་འཁྱོངས་བྱ་དགོས། ངེས་པར་དུ་མཐིལ་ཚད་ཀྱི་བླང་བྱ་ཁོང་དུ་ནན་པོ་ཆུད་ཅིང་། ཞིང་པའི་བྱེད་པོའི་གོ་གནས་རྒྱུན་འཁྱོངས་དང་། མང་ཚོགས་ཀྱི་བསམ་འདུན་དང་གསར་གཏོད་ཐོག་མའི་སྙིང་སྟོབས་ལ་བརྩི་འཇོག། “བར་མཐོངས་གསུམ་དང་ཐིག་མཚམས་གསུམ”གཅུན་འདོམས་ནན་པོ་བྱེད་པ་དང་། སྤྱི་ལ་དབང་བའི་ལམ་ལུགས་ཀྱི་ངོ་བོ་མི་འགྱུར་བ་དང་རྨོ་ཞིང་གི་དམར་རྒྱ་ལས་མི་བརྒལ་བ། ཞིང་པའི་ཁེ་ཕན་ལ་གནོད་འཚེ་མི་ཕོག་པའི་མཐིལ་ཚད་སྲུང་ཐུབ་ཅིང་། སྐྱེ་ཁམས་སྲུང་སྐྱོང་གི་དམར་རྒྱ་དང་ཡུལ་སྡེའི་རིག་གནས་ཀྱི་རྩ་བ་སྲུང་ཐུབ་པ། མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་གཏང་དགོས། 

     ཚང་འཛོམས་གྲོས་ཚོགས་སུ་སི་ཁྲོན་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱིའི་དམིགས་འབེན་ལ་དམིགས་ནས། གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་དམིགས་འབེན་བཏོན་པ་སྟེ། 2027ལོར་བསླེབ་སྐབས་གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་། གྲོང་ཡུལ་བར་མཐོངས་བཀོད་བབ་སྔར་བས་ལེགས་སུ་འགྲོ་བ། རྫོང་གྲོང་གི་ཕྱོགས་བསྡུས་ཐེག་ནུས་མངོན་གསལ་དོད་པོས་ཆེ་རུ་འགྲོ་བ། གནས་འཕྲོད་ལས་འཚམ་དང་ཡུལ་སྡེ་ཞི་མཛེས་འཛུགས་སྐྲུན་ལ་གྲུབ་འབྲས་མཚོན་རྟགས་ཡོད་པ་འཐོབ་དགོས། གྲོང་ཡུལ་དཔལ་འབྱོར་འཁོར་རྒྱུག་སྔར་བས་བདེ་བ་དང་། གཙོ་རྐྱེན་འཁོར་རྒྱུག་གི་སྒྲིག་སྲོལ་དང་ནང་སྲོལ་གྱི་འགོག་རྐྱེན་སྔར་བས་བསལ་བ། གྲོང་ཡུལ་གྱི་སྤྱི་པའི་ཞབས་ཞུ་སྔར་བས་སྤུས་ལེགས་པ་དང་། རྨང་གཞིའི་སྒྲིག་བཀོད་གཞི་གཅིག་ཅན་དང་གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་གྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་དགོས། གྲོང་ཡུལ་གཞིས་མིའི་ཡོང་འབབ་དེ་བས་དོ་སྙོམས་ཡོང་བ་དང་མཉམ་དུ་ཕྱུག་འབྱོར་ཡོང་བའི་གོམ་སྟབས་བརྟན་པོ་སྤོ་ཐུབ་ཅིང་། ཞིང་སྡེ་དར་རྒྱས་དང་གྲོང་ཁྱེར་གྲ་རྒྱས་ཕན་ཚུན་སྐུལ་རེས་དང་། ཞིང་ལས་ཤེས་དཔལ་དང་གྲོང་ཁྱེར་ཤེས་དཔལ་ཕན་ཚུན་མཚར་སྡུག་འཕྲོ་རེས་ཀྱི་གྲོང་ཡུལ་རྣམ་པ་གསར་པ་མགྱོགས་མྱུར་ཆགས་པའོ།། 2035ལོར་བསླེབ་སྐབས་གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ནང་སྲོལ་སྔར་བས་འཐུས་ཚང་དུ་འགྲོ་བ་དང་། གྲོང་ཡུལ་གཞིས་མིའི་འཚོ་བའི་སྤུས་ཚད་ཆེན་པོ་འཕར་བ། གྲོང་ཡུལ་ས་ཁོངས་འཕེལ་རྒྱས་ཀྱི་ཧེ་བག་དང་གཞིས་མིའི་ཡོང་འབབ་ཀྱི་ཧེ་བག་མངོན་གསལ་དོད་པོས་ཆུང་དུ་འགྲོ་བ། སོ་སོའི་མཛེས་སྡུག་དང་མཛེས་ཆེན་མཉམ་མངོན་གྱི་གྲོང་ཡུལ་འཕེལ་རྒྱས་ཀྱི་གཅིག་མཐུན་འདུས་གྲུབ་རྩ་བའི་ཆ་ནས་ཆགས་པའོ།།

     ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། རྫོང་གྲོང་གི་ཕྱོགས་བསྡུས་ཐེག་ནུས་དང་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ་དང་། དབང་ཆ་རྒྱ་བསྐྱེད་དང་རྫོང་སྟོབས་ཆེན་འཛུགས་པར་རབ་ཏུ་སྐུལ་བ། རྫོང་གྲོང་གི་འཕེལ་རྒྱས་བར་མཐོངས་རྒྱ་སྐྱེད་ཅིང་། རྫོང་གྲོང་གི་བྱེད་ནུས་ཀྱི་སྤུས་ཚད་སྤར་བ། རྫོང་གྲོང་གི་ཐོན་ལས་འདེགས་སྐྱོར་ཆེ་རུ་བཏང་ནས། རྫོང་གྲོང་གི་མི་འབོར་དང་ཐོན་ལས་འགུགས་ནུས་ཆེ་རུ་ཏན་ཏིག་གཏང་དགོས། གནས་འཕྲོད་ལས་འཚམ་དང་ཡུལ་སྡེ་ཞི་མཛེས་འཛུགས་པ་དང་། ཀྲེ་ཅང་གི“འདུ་འགོད་ཁྲི་སྟོང་”གི་ཉམས་མྱོང་སྦྱངས་ནས་སྤྱད་དེ་དེང་རབས་ཀྱི་ཡུལ་སྡེའི་ཐོན་ལས་མ་ལག་མགྱོགས་མྱུར་སྐྲུན་པ་དང་། ཞིང་སྡེའི་མི་སྡོད་ཁོར་ཡུག་རྒྱུན་མཐུད་དེ་ལེགས་སུ་གཏོང་ཞིང་། ཞིང་པའི་ཡོང་འབབ་རྒྱུན་མཐུད་ངང་འཕར་བར་སྐུལ་བ། གྲོང་རྡལ་གཙོ་བོའི་ཁྱབ་འགྱེད་སྣེ་ཁྲིད་ནུས་པ་ཆེ་རུ་གཏོང་བ་དང་། ཡུལ་སྡེ་ཁྱོན་ཡོངས་ནས་དར་རྒྱས་གཏང་དགོས། གྲོང་ཡུལ་གྱི་གཙོ་རྐྱེན་འདྲ་མཉམ་དང་བརྗེ་རེས། ཕྱོགས་གཉིས་སུ་འཁོར་སྐྱོད་ཐུབ་པར་སྐུལ་བ་དང་། ཞིང་ལས་སྤོ་སྒྱུར་མི་འབོར་གྲོང་ཁྱེར་པར་མགྱོགས་སུ་བསྒྱུར་ཅིང་། ཞིང་སྡེའི་ས་ཞིང་གཙོ་རྐྱེན་གྱི་གསོན་ཤུགས་སློང་བ་དང་། ཡུལ་སྡེའི་མ་དངུལ་གཏོང་བསྡུའི་ནང་སྲོལ་སྣེ་མང་ཅན་དང་གསར་གཏོད་ཤེས་ལྡན་མི་སྣ་ཡུལ་སྡེར་ཞུགས་པའི་བརྩོན་སྐུལ་ནང་སྲོལ་འཐུས་ཚང་དུ་གཏོང་ཞིང་། གྲོང་ཡུལ་གྱི་གཙོ་རྐྱེན་མཐུན་སྦྱོར་བཀོད་སྒྲིག་གི་ལས་ཕྱོད་ཆེ་རུ་གཏང་དགོས། གྲོང་ཡུལ་གྱི་སྤྱི་པའི་ཐོན་ཁུངས་བཀོད་སྦྱོར་དོ་སྙོམས་དང་ལས་ཕྱོད་ཆེ་བར་སྐུལ་ཅིང་། དོ་དམ་དང་ཞབས་ཞུ་དངོས་སུ་བྱ་ཡུལ་གྱི་མི་འབོར་གཞི་ཁྱོན་ལྟར་སྤྱི་པའི་ཐོན་ཁུངས་བཀོད་སྦྱོར་བྱ་རྒྱུ་རྒྱུན་འཁྱོངས་ཤིང་། གྲོང་ཡུལ་གྱི་རྨང་གཞིའི་སྒྲིག་བཀོད་གཞི་གཅིག་ཅན་ལ་སྐུལ་བ། གཞི་རྩའི་སྤྱི་པའི་ཞབས་ཞུ་གྲོང་ཡུལ་ཆ་སྙོམས་ཅན་ཡོང་བ་དང་། གྲོང་ཡུལ་རིག་གནས་མཉམ་འདྲེས་འཕེལ་རྒྱས་ཇེ་མགྱོགས་སུ་གཏང་དགོས། གྲོང་ཡུལ་གྱི་གཞི་རིམ་བཅོས་སྐྱོང་དེང་རབས་ཅན་དུ་གྱི་ཆུ་ཚད་མཐོར་འདེགས་པ་དང་། རྫོང་དང་ཡུལ་ཤོག། གྲོང་སྡེ་བཅས་རིམ་གསུམ་བཅོས་སྐྱོང་མ་ལག་ལེགས་སུ་གཏོང་ཞིང་། གཞི་རིམ་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོར་འདེགས་པ། རྫོང་དང་ཡུལ་ཤོག། གྲོང་སྡེའི་ བཅོས་སྐྱོང་ཨང་ཀི་ཅན་དུ་སྐུལ་བ། རྫོང་དང་ཡུལ་ཤོག། གྲོང་སྡེ་བཅས་མཉམ་སྐུལ་དང་། མཉམ་སྐྲུན་མཉམ་སྐྱོང་མཉམ་སྤྱོད་བཅས་ཀྱི་གྲོང་ཡུལ་གྱི་གཞི་རིམ་བཅོས་སྐྱོང་གནས་བབ་ཅིག་གང་མགྱོགས་ཆགས་པར་བྱ་དགོས།

ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། གཙོ་གནད་དང་དཀའ་གནད་ཐག་གཅོད་པར་དམིགས་ཏེ་རང་རེའི་ཞིང་ཆེན་གྱི་གྲོངཡུལ་མཉམ་འདྲེས་འཕེལ་རྒྱས་ལ་བསྐུལ་ཏེ“མཉམ་འདྲེས་བཞིའི”ལས་དོན་ཆེན་པོ་ཤུགས་ཡོད་རྒུས་ཡག་པོ་བསྒྲུབ་དགོས། འཁོར་རྒྱུག་ཡག་པོ་མི་ཐུབ་པའི་གནད་དོན་ཐག་གཅོད་པར་དམིགས་ཏེ་གཙོ་རྐྱེན་མཉམ་འདྲེས་ཡོང་བ་དང་། མི་ས་དངུལ་གསུམ་གྱི་གནད་ཐུག་ས་དམ་དུ་བཟུང་ནས། ཤེས་ལྡན་པ་དང་མ་དངུལ་ཞིང་སྡེར་འབྱོར་བར་གོ་རིམ་ལྡན་པའི་ངང་ཁྲིད་སྟོན་བྱས་ནས་ཞིང་སྡེའི་ས་ཞིང་གི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་གང་ལེགས་ཐུབ་པ་བྱ་དགོས། མཉམ་སྐུལ་མི་འདང་བའི་གནད་དོན་ཐག་གཅོད་པར་དམིགས་ཏེ་ཐོན་ལས་མཉམ་འདྲེས་ལ་སྐུལ་བ་དང་། གྲོང་ཡུལ་དཔལ་འབྱོར་འབྲེལ་ཤུགས་ཆེ་རུ་གཏོང་བ། གྲོང་ཡུལ་དཔལ་འབྱོར་འཁོར་རྒྱུག་ཐུབ་པ། ཞིང་པར་ཐོན་ལས་ཀྱི་གནས་ཐང་འཕར་བའི་ཡོང་འབབ་དེ་བས་མང་བ་འཐོབ་པར་སྣང་ཆེན་བྱས་ཏེ། ཞིང་ལས་སྟོབས་ཆེན་དང་ཞིང་སྡེ་དར་རྒྱས། ཞིང་པ་ཕྱུག་པོར་ཡོང་བ་བྱ་དགོས། མཁོ་སྤྲོད་དོ་སྙོམས་མེད་པའི་གནད་དོན་ཐག་གཅོད་པར་དམིགས་ཏེ་སྒྲིག་བཀོད་མཉམ་འདྲེས་ཡོང་དུ་འཇུག་པ་དང་། རྨང་གཞིའི་སྒྲིག་བཀོད་ཀྱི་ཕྱིའི་ཧེ་བག་ཤུགས་ཡོད་རྒུས་ཆུང་དུ་གཏོང་ཞིང་སྤྱི་པའི་ཞབས་ཞུའི་ནང་གི་ཉམས་ཞན་བར་ཁྱད་ཁ་གསབ་མགྱོགས་པོ་བྱས་ནས་གྲོང་ཡུལ་གྱི་རྨང་གཞི་སྒྲིག་བཀོད་འཐུས་ཚང་ཚད་དང་སྤྱི་པའི་ཞབས་ཞུ་སྟབས་བདེ་ཚད་རྒྱུན་མི་ཆད་པར་མཐོ་རུ་གཏང་དགོས། དོ་དམ་ཡག་པོ་མེད་པའི་གནད་དོན་ཐག་གཅོད་པར་དམིགས་ཏེ་བཅོས་སྐྱོང་མཉམ་འདྲེས་ཡོང་དུ་འཇུག་པ་དང་། ཏང་ལེགས་སྐྱོང་གི་སྣེ་ཁྲིད་དང་ཡ་རབས་སྐྱོང་མཁས། ཁྲིམས་སྐྱོང་འགན་ལེན་བཅས་ལ་ཤུགས་བརྒྱབ་སྟེ་བཅོས་སྐྱོང་ལས་ཕྱོད་ཆེན་པོས་མཉམ་འདྲེས་ཆུ་ཚད་མཐོན་པོ་ཡོང་བར་སྐུལ་ཅིང་སྤེལ་དགོས།

    ཚང་འཛོམས་གྲོས་ཚོགས་སུ་བསྟན་དོན། གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་གཏོང་བར་འབྲེལ་ཁྱོན་ཆེ་བ་དང་། སྲིད་ཇུས་རང་བཞིན་ཆེ་བ། སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་ཚད་མཐོ་ཞིང་རྒྱུད་རིམ་ལྡན་པའི་འདུ་འགོད་རྙོག་འཛིང་ཆེ་བ་ཞིག་ཡིན་པས་ངེས་པར་དུ་སྒྲིག་འཛུགས་དང་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏང་དགོས། ཞིང་ཆེན་གྱིས་སྤྱི་འགན་འཁུར་བ་དང་། སྡེ་ཚན་གྱིས་མཐུན་སྦྱོར་གཞོགས་འདེགས། གྲོང་ཁྱེར་དང་རྫོང་གིས་དོན་ཐོག་འཁྱོལ་བའི་ལས་ཀའི་བཀོད་བབ་ཆགས་སུ་བཅུག་ནས། གྲོང་ཁྱེར་དང་རྫོང་གི་ཏང་ཨུ་དང་སྲིད་གཞུང་གི་བྱེད་པོའི་འགན་འཁྲི་ཆེ་རུ་གཏོང་བ་དང་། སྤྱི་འདོམས་འཆར་འགོད་དང་མཐུན་སྦྱོར་སྐུལ་འདེད་བྱ་རྒྱུ་རྒྱུན་འཁྱོངས་ཤིང་། ཡུལ་བབ་དང་བསྟུན་ཅིང་གོམ་པ་རིམ་བགྲོད་བྱ་རྒྱུ་རྒྱུན་འཁྱོངས་པ། བདེན་བསྲངས་གསར་གཏོད་དང་ཉེན་ཁ་འགོག་ཟོན་བྱ་རྒྱུ་རྒྱུན་འཁྱོངས་པ། འཚོལ་ཞིབ་ཧུར་ཐག་དང་གཙོ་གནད་བརྟོལ་བ་བྱ་རྒྱུ་རྒྱུན་འཁྱོངས་པ། ཚོད་ལྟ་དཔེ་སྟོན་ཡག་པོ་བྱེད་ཅིང་། ཞིབ་དཔྱད་བརྩོན་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། ཕྱོགས་ཁག་གི་སྟོབས་ཤུགས་རྒྱ་ཁྱབ་ངང་བསྡུས་ཏེ། ཕྱར་བ་གྲུ་འདེགས་ཀྱིས་གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་མཐར་ཕྱིན་སྤེལ་དགོས།

     ཚང་འཛོམས་གྲོས་ཚོགས་སུ་ནན་སྟོན་བྱས་དོན། ཞིང་ཆེན་ཏང་ཨུ་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱ་རྒྱུ་ནི་ད་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། རིམ་ཁག་ཏང་ཨུ(ཏང་ཚན་ཁག)ཡིས་བརྒྱུད་བསྒྲགས་སློབ་སྦྱོང་དང་དྲིལ་བསྒྲགས་སྒྲོག་འགྲེལ། སློབ་གསོ་གསོ་སྦྱོང་ལ་དམ་འཛིན་ཏན་ཏིག་བྱས་ནས། གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ གཏོང་བའི་དོན་སྙིང་གལ་ཆེན་དང་། དམིགས་འབེན་ལས་འགན། ལས་དོན་གཙོ་གནད་བཅས་ཁོང་དུ་འཕྱུགས་མེད་ཆུད་པར་བྱས་ཏེ། ཏང་མི་དང་ལས་བྱེད་པ་རྒྱ་ཆེན་ལ་བསམ་བློ་དང་བྱ་སྤྱོད་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ཏུ་གཅིག་གྱུར་ཡོང་བའི་ཁྲིད་སྟོན་བྱ་དགོས། དུས་རབས་གསར་པ་དང་རྒྱང་སྐྱོད་ལམ་གསར་དུ་གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ལ་གཏོང་བའི་རང་རྟོགས་རང་བཞིན་དང་བློ་བརྟན་འགྱུར་མེད་ཀྱི་རང་བཞིན་ཆེ་རུ་ཏན་ཏིག་གཏོང་ཞིང་། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེན་པོ་བཅངས་ནས་ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་དང་བྱེད་ཕྱོགས། དེ་བཞིན་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་དོན་འཁྱོལ་ཏན་ཏིག་བྱེད་ཅིང་། སི་ཁྲོན་དེང་རབས་ཅན་འཛུགས་སྐྲུན་གྱི་ཁྱོན་ཡོངས་དང་འབྲེལ་བ་ཡོད་པའི་དོན་ཆེན་དེ་མཉམ་དུ་དམ་འཛིན་ནན་འཛིན་དང་ཕན་འབྲས་ཐོན་པར་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སི་ཁྲོན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་ཆེད་འདེགས་སྐྱོར་སྲ་ཞིང་ཐེག་པ་མཁོ་འདོན་བྱ་དགོས་སོ།།

    ཚང་འཛོམས་གྲོས་ཚོགས་སུ《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》དང《ཀྲུང་གོ་གུང་ཁྲན་ཏང་ས་གནས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྲོལ་ཡིག》གི་འབྲེལ་ཡོད་གཏན་འབེབས་ལྟར། བློ་མཐུན་ཏོན་དབྱི་ཅུན་དང་ལི་ཀྲུའོ་གཉིས་སི་ཁྲོན་ནས་ལས་གནས་སྤོས་པས་ཞིང་ཆེན་ཨུ་ལྷན་གྱི་ཨུ་ཡོན་གྱི་གོ་གནས་དགོངས་ཞུ་བྱས་པར་ཆོག་མཆན་སྤྲད་པ་རེད། 

    ཚང་འཛོམས་གྲོས་ཚོགས་སུ་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དེ་བས་དམ་ཟབ་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་ལས་དོན་ལ་གནང་བའི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བསྟར་ཅིང་། ངེས་ཤུགས་སྲུང་འཛིན་དང་འབད་འབུངས་ཡར་བརྩོན། དཀའ་སྤྱད་དངོས་སྒྲུབ་བྱས་ཏེ། རང་རེའི་ཞིང་ཆེན་གྱི་གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་མགྱོགས་པོར་གཏོང་བར་དུས་མཚམས་རང་བཞིན་གྱི་གོང་འཕེལ་དང་མཚོན་རྟགས་རང་བཞིན་གྱི་ཕན་འབྲས་ཐོན་དུ་བཅུག་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་སི་ཁྲོན་ལེའུ་གསར་པ་བརྩམ་ཆེད་བྱས་རྗེས་གསར་པ་དེ་བས་ཆེན་པོ་འབུལ་དགོས་པའི་འབོད་སྐུལ་གནང་བ་རེད།།


  • ལེ་ཚན་སྔོན་མ།:རང་ཁུལ་གྱི2023ལོའི་ཟླ་བ་དང་པོ་ནས་བཅུ་པའི་བར་གྱི་དཔལ་འབྱོར་དམིགས་ཚད་གཙོ་བོ་མུ་མཐུད་འཕར་སྣོན་བྱུང་།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་སྐབས་“ལྟེ་གནས་ལྔའི”འཛུགས་སྐྲུན་ལས་འགན་གལ་ཆེན་ལ་དམིགས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་སྤྱིའི་གྲོང་ཁྱེར་ཆེན་པོ་
  • དོ་སྣང་ཆེ་བའི་རྩོམ།