བསྟོད་ཚིག་གསེར་མདོག་གི་ཅོད་པན།

སྤྲེལ་རྫོང་བསྟན་རྒྱས།        2023-12-06

རབ་དཀར་གངས་རིས་ཡོངས་སུ་བསྐོར་པ་ཡི།།

ཙོང་ལ་རིང་མོའི་ས་ཡི་དཀྱིལ་འཁོར་དབུས།།

རྟགས་མཚན་འབུམ་གྱི་ཀློང་ནས་འཁྲུངས་པའི་སྐུ།།

འཛམ་གླིང་འཛིན་མའི་ཁྱོན་ན་སྙན་གྲགས་འབར།།

ཤར་ཕྱོགས་རིག་པའི་དཔའ་བོའི་གསུང་བཞིན་དུ།།

དབུས་གཙང་ཆོས་ཀྱི་ཕྱོགས་སུ་ཆིབས་ཞལ་བསྒྱུར།།

མདོ་སྔགས་རིག་པའི་གཞུང་དོན་མཐའ་ཀླས་པ།།

འབད་མེད་ཐུགས་སུ་ཆུད་པ་ངོ་མཚར་ཆེ།།

ཆོས་ཀུན་རང་བཞིན་གྱིས་སྟོང་སྟོང་པ་ལ།།

གྲུབ་པའི་ཀུན་རྫོབ་ཆོས་ལ་བྱ་བྱེད་ཀྱི།།

རྣམ་གཞག་མ་བཤིགས་འཇོག་ལུགས་ཆེས་ཕྲ་བ།།

མདོ་དང་ཟླ་བའི་དགོངས་པར་གཟིགས་པ་ཡིས།།

སྟོན་པ་རྟེན་འབྱུང་ཟབ་མོ་མཁྱེན་ཚུལ་གྱིས།།

བསྟོད་ལུགས་ངོ་མཚར་གྱུར་པ་དེ་ཉིད་ཀྱང་།།

སྔོན་མེད་ཁྱེད་ཀྱི་གསུང་གི་མཛད་པ་སྟེ།།

བདེན་གཉིས་ཚུལ་ལ་ཁྱེད་ལས་མཁས་པ་སུ།།

དབུས་ལྡན་ཆོས་ཀྱི་ཞིང་མཆོག་དམ་པ་ནས།།

ཆོ་འཕྲུལ་སྨོན་ལམ་དགའ་ལྡན་སྒྲུབ་མཆོད་དང་།།

རྫིང་ཕྱིའི་བྱམས་པ་ཞིག་གསོ་མཛད་པ་སོགས།།

མཛད་ཆེན་བཞི་ཡི་འཕྲིན་ལས་ས་སྟེང་ཁྱབ།

དགེ་ལྡན་རྣམ་པར་རྒྱལ་བའི་གླིང་མཆོག་ནས།།

ཐུབ་དབང་ཚུལ་ཁྲིམས་མ་ཡི་སྐུ་དྲུང་དུ།།

མཆོད་འབུལ་སྨོན་ལམ་རྒྱ་ཆེར་མཛད་པའི་ཀློང་།།

སྐུ་བེར་དབུ་ཞྭ་སྲས་ཀྱི་ཐུ་བོར་གནང་།།

རླབས་ཆེན་སྐྱེས་བུའི་མཛད་འཕྲིན་རི་ལས་མཐོ།།

གསུང་གི་བདུད་རྩི་རྒྱ་མཚོའི་གཏིང་ལས་ཟབ།།

ཐུགས་དགོངས་ཟབ་མོ་དམ་པའི་ཆོས་ལ་གཏད།།

འགྲོ་དོན་དཔག་མེད་མཛད་པ་ངོ་མཚར་རྨད།།

བགྲང་བྱའི་འབྱུང་བ་ས་ཕག་ལོ་མོ་ཡི།།

སྨིན་དྲུག་ཟླ་བའི་ཚེས་གྲངས་ཉེར་ལྔ་ལ།།

ཁྱེད་སྐུ་རྟ་བདུན་དབང་བོའི་འོད་ཟེར་མཆོག།

གླིང་གཞན་འཕྲོས་པ་འཛམ་གླིང་སྐྱེ་དགུའི་སྡུག།

རྡོ་རྗེ་སློབ་དཔོན་བརྒྱ་ཕྲག་དུ་མ་ཡིས།།

དགོངས་རྫོགས་སྨིན་པར་མཛད་པའི་བསོད་ནམས་ཞིང་།།

དགའ་ལྡན་ལྔ་མཆོད་ཅེས་གྲགས་དགེ་སྒྲུབ་མཆོག།

མ་ཉམས་ད་ལྟར་གནས་པ་ཨེ་མ་ཧོ།།



  • ལེ་ཚན་སྔོན་མ།:རྗེ་ཙོང་ཁ་པ།
  • ལེ་ཚན་རྗེས་མ།:སེམས་ཀྱི་ཕྱི་ནང་།