གཡུ་ཆུང་དྲུག་དཀར།

འོད་གྲུ།        2023-12-01

སློབ་ཆེན་མཐར་ཕྱིན་པའི་ནུ་བོ་ལ་སྤྲིངས་པའི་འཕྲིན་ཡིག།

བྱམས་ལྡན་ཕ་མའི་རིགས་རྒྱུད་གཅིག་ལས་མཆེད་ཅིང་། །

མཛའ་བརྩེ་འོ་མའི་རྒྱ་མཚོ་གཅིག་ཏུ་འཁྱིལ་བའི། །

སྤུན་གཅིག་ཡིད་ཀྱི་འཁྲི་ཤིང་གཞོན་ནུ་ཁྱོད་ལ། །

སྙིང་གཏམ་ཡིད་ཀྱི་གླུ་དབྱངས་འདི་ལྟར་བླངས་སོ། །

ཆུང་ནས་ལོ་བརྒྱུད་ལོ་ལྔའི་འཚོ་བའི་ཁྲོད་ནས། །

མ་ཡུམ་ཤེས་རིག་ནོར་བུའི་གླིང་ཀ་འགྲིམས་ཏེ། །

ཕ་སྐད་དབྱངས་གསལ་སོ་བཞིའི་དབྱངས་རྟ་གྱེར་ཉིན། །

རིག་པའི་སྐྱེད་ཚལ་འགྲིམས་པའི་གོམ་སྟབས་ཐོག་མ། །

དལ་འབྱོར་འཚོ་བའི་སྙིང་པོ་ཕྲག་ཏུ་ཁུར་ནས། །

སློབ་ཆེན་སློབ་རའི་སྒོ་ཐེམ་རིམ་གྱིས་བརྒལ་ཏེ། །

བྱམས་ལྡན་ཕ་མའི་རེ་འབྲས་ཆུ་ལ་མ་བསྐུར། །

མི་ཚེའི་འདུན་ལམ་འཚོལ་བའི་གཞོན་ནུ་ཁ་དྲོ། །

ལྔ་ཚན་ལྔ་ཡི་མི་ཚེའི་ལོ་ཟླ་རིང་མོར། །

བརྩེ་སེམས་བྱུ་རུའི་ཕྲེང་བ་སྐྱེས་སུ་ཕུལ་ཉིན།

མཛའ་གཅིག་སེམས་ཀྱི་ཟླ་བ་གྲོགས་སུ་བཀུག་སྟེ། །

དུངས་སེམས་དངུལ་དཀར་བུམ་པའི་ཁ་རྒྱན་བྲིས་འདུག །

སྐྱིད་སྡུག་རེས་མོས་ཡིན་པ་འཚོ་བའི་ལས་དབང་། །

འདི་ནས་གཞོན་ཆུང་མི་ཚེའི་དུས་ཚོད་ཡོལ་འགྲོ། །

བློ་སེམས་དམ་པའི་ཆོས་ལ་རྟག་ཏུ་ཕྱོགས་དང་། །

གང་བསམ་སྨོན་པའི་འབྲས་བུ་མྱུར་དུ་སྨིན་འོང་། །

སྙིང་གཏམ་སེམས་ཀྱི་སྒམ་ཆུང་ཕྱི་ལ་མ་ཤོར། །

བརྩེ་མདངས་ཡིད་ཀྱི་འདབ་མ་ཆུ་ལ་མ་བསྐུར། །

སྐྱིད་སྡུག་ཁངས་ཆར་འདྲེས་མའི་འཚོ་བའི་ཀློང་ནས། །

ཚེ་རབས་གཏན་གྱི་གྲོགས་ཤིག་འཚོལ་བ་ལོས་བདེ། །

འཛུམ་ཆུང་དགྱེས་དགྱེས་གནང་བའི་གཅེས་པའི་བུ་ཕྲུག །

དཔྱིད་གསུམ་མཚར་སྡུག་བུ་མོའི་དུས་དང་འགྲོགས་ཏེ། །

བརྩེ་སེམས་དམ་དུ་སྦྲེལ་བའི་གཞོན་ནུ་ཟུང་ལ། །

ཚེ་སྔོན་ལས་ཀྱིས་སྤྲད་པའི་བུ་སྐལ་གནང་འདུག །

ལུག་ཁྱུ་རི་ལ་ཡན་པའི་འབྲོག་སྡེ་ཞིག་ནས། །

འོ་སྒྱེ་ཕྲག་ཏུ་བཏེགས་པའི་ན་ཆུང་བུ་མོས། །

བརྩེ་སེམས་དར་དཀར་མདུད་པ་ཁྱོད་ལ་ཕུལ་ཏེ། །

མི་འགྱུར་བརྩེ་བའི་དམ་བཅའ་བྲག་ལ་བརྐོས་འདུག །

ལས་དབང་མཚོ་ཁའི་མེ་ཏོག་མཉམ་དུ་བཞད་ཅིང་། །

མཛའ་བརྩེ་དྭངས་གསལ་ཆུ་བོ་གཅིག་ཏུ་འཁྱིལ་བའི། །

ན་ཆུང་སྙིང་གི་མེ་ཏོག་འཚོ་བའི་ཕྱེད་ཀ །

བྱམས་བརྩེའི་ངང་རྒྱུད་བཟང་ན་འཚོ་བའི་བདེ་སྐྱིད། །

རེ་སྦྲ་སྨུག་པའི་འོག་གི་འཚོ་རྟེན་ཁྱོད་ཡིན། །

སྐྱིད་པའི་གཞིས་ཁྱིམ་གྲུ་བཞི་བརྩེ་བས་སྐྱོངས་ཤོག།

རྒས་གཉེར་ཐོད་དུ་བྲིས་པའི་བྱམས་ལྡན་ཨ་མར། །

འདི་ཕྱིའི་བདེ་སྐྱིད་ཡངས་པའི་སྲིད་ཞུ་སྒྲུབས་ཤིག །

ས་སྟེང་འཇིག་རྟེན་འཚོ་བ་གསེར་གྱིས་བཀང་རུང་། །

བྱམས་ལྡན་ཕ་མའི་བཀའ་དྲིན་གནམ་ལས་མི་ཤོང་། །

དེའི་ཕྱིར་སྙིང་དུ་སྡུག་པའི་སྤུན་ཆུང་ཁྱོད་ནི། །

འཚོ་བའི་གཞི་རྟེན་ཡིན་པས་བསམ་གཞིག་གཏང་དགོས། །

སྔོན་ཞིག་འུ་ཚང་འབྲོག་པའི་སྡེ་འདབས་ཤིག་ཏུ། །

སྒྲོལ་མའི་སྒོ་དར་གཡོ་བའི་འབྲོག་ཁྱིམ་ཡིན་པས། །

ལུགས་གཉིས་ལྷ་ཆོས་ཕྱོགས་ལ་རྟག་ཏུ་འདུན་པའི། །

མཆོག་གསུམ་རྒྱལ་བ་སྲས་བཅས་མཆོད་ཡུལ་བཀུར་དགོས། །

འུ་གཉིས་བྱིས་བློ་གཙང་མའི་འཇིག་རྟེན་འགྲིམས་ཉིན། །

གཡང་དཀར་འབའ་སྒྲ་སྙན་པའི་ལུང་གསུམ་མདོ་ནས། །

རྫི་གླུ་ཐུང་ཐུང་ངག་ནས་གླུ་རུ་ལེན་ཞོར། །

ཆུང་ཆུང་བྱིས་པའི་འཚོ་བ་མཉམ་དུ་རོལ་མྱོང་། །

འབྲོག་སྡེ་མར་ཁུ་འཁྱིལ་འདྲའི་ཕ་ས་འདི་རུ། །

གནའ་བོའི་ལོ་རྒྱུས་གྲགས་པ་སྲིད་ན་སྙན་པས། །

ངག་ནས་ཕ་སྐད་དང་ནི་བོད་པའི་ལུགས་སྲོལ། །

དུས་རྒྱུན་སྲུང་བ་གལ་ཆེ་མེས་པོའི་སྙིང་ནོར། །

ཚེ་རབས་སྔོན་མ་རྟོགས་པའི་མཁྱེན་པ་མེད་མོད། །

འོན་ཏེ་འཇིག་རྟེན་འདི་རུ་ཕ་མ་གཅིག་གི། །

མངལ་སྒོ་གཅིག་ལས་མཆེད་པའི་སྤུན་ཆུང་ཁྱོད་སོགས། །

གདམས་པའི་སྙིང་གཏམ་བཤད་ཀྱང་ངོ་བོ་ཅི་གནོངས། །

རས་གཟན་སྐེད་དུ་དཀྲིས་པའི་དགེ་སྦྱོང་ཞིག་གིས། །

འཁོར་བའི་ཐབས་ལམ་བཤད་ན་མཛའ་བོ་མི་འདུག །

འོན་ཏེ་ཡ་ཆུང་སྙིང་གི་སྤུན་ཆུང་ཁྱོད་ནི། །

བྱམས་ལྡན་ཕ་མ་ལྟ་བུའི་དགའ་བས་ལོས་ཡིན། །

ལྔ་ཟུང་ནོར་བུའི་ཕྲེང་བ་ཐང་མར་བརྡལ་བའི། །

དམར་སེར་བཀྲགས་མདངས་འཚེར་བའི་གླིང་ཀ་ཞིག་ཏུ། །

ཕུ་བོའི་རེ་བའི་འདུན་མ་རྒྱང་ལ་གཏད་དེ། །

ལྟ་བའི་ངོ་བོ་ཟིན་པའི་ཆོས་ཤིག་བསྒྲུབ་འདོད། །

སྙིགས་མའི་རང་འཚང་མོད་པའི་འཇིག་རྟེན་འདི་རུ། །

བར་ཆད་རྐྱེན་གྱིས་རླུང་བུ་དྲག་ཏུ་ལྡིང་མོད། །

མཆོག་གསུམ་བླ་མར་གསོལ་བ་རྟག་ཏུ་བཏབ་ན། །

འདུན་མའི་བར་ཆད་སེལ་པའི་སྡོང་གྲོགས་ལོས་བྱེད། །



  • ལེ་ཚན་སྔོན་མ།:འཁྱག་པ་ནི་དངོས་ཡོད་ཀྱི་རྟོག་སྒྲུང་གསོན་པོ་ཞིག།
  • ལེ་ཚན་རྗེས་མ།:ཚིག་པ་ཟ་སའི་ཁྱོད།