འབྲོག་ཁུལ་ནས་འཚར་ལོངས་བྱུང་བའི་བུ་མོ་འཁྲབ་སྟོན་པ་ཞིག་གི་ཕུགས་འདུན།

བདེ་ཆེན་དབང་མོས་བྲིས།        2023-12-01

ཉག་རོང་རྫོང་བཞི་མདོ་སྡེ་བའི་དམར་དམག་འཁྲབ་སྟོན་པ་ཆུང་ཆུང་འཇམ་དབྱངས་མཚོའི་གནས་ཚུལ་རགས་བཀོད།

འབྲོག་ཁུལ་ནས་འཚར་ལོངས་བྱུང་བའི་བུ་མོ་འཁྲབ་སྟོན་པ་ཞིག་གི་ཕུགས་འདུན།

ད་ལོའི་ཟླ་བ་བདུན་པར་བོད་ཀྱི་གླུ་པ་གཡུང་དྲུང་རྒྱལ་དང་གླུ་མ་འཇམ་དབྱངས་སྒྲོལ་མ་གཉིས་ཀྱིས་འཁྲབ་སྟོན་བྱས་པའི་གློག་བརྙན《ཐེན་པའོ》ཞེས་པ་རྔ་བ་ཁུལ་དུ་དངོས་སུ་བརྙན་ཕབ་འགོ་བརྩམས་པ་རེད། དེ་རྗེས་བརྙན་གྱི་ལེ་ཚན་རེ་རེ་ནས་དམག་ཆས་སྤྲས་པའི་བུ་མོ་ཆུང་ཆུང་ཞིག་གི་འདྲ་པར་ཚང་མའི་མིག་ལམ་དུ་མངོན་པས་ཚང་མས་དོ་སྣང་བྱ་ཡུལ་ཞིག་ཏུ་གྱུར། བུ་མོ་དེ་ནི་ཉག་རོང་རྫོང་བཞི་མདོ་སྡེ་བའི་ཡིན་ལ་མིང་ལ་འཇམ་དབྱངས་མཚོ་ཟེར། སྡེ་བ་དེ་ནི་ཉག་རོང་རྫོང་གི་ནུབ་བྱང་རྒྱུད་དུ་ཆགས་ཤིང་རྫོང་མཁར་དང་བར་ཐག་སྤྱི་ལེ125ཡོད། མཚོ་འཕགས་ཆ་སྙོམས་སྨི4200ལ་ཟིན། དེ་ནི་འབྲོག་ལས་རྐྱང་པའི་སྡེ་བ་ཞིག་ཡིན་ཞིང་། ཆ་རྐྱེན་ལྟོས་བཅས་སུ་འབྲོག་ཁུལ་གཞན་ལས་ཅུང་ཞན་པའི་ཡུལ་གྲུ་དེ་འཇམ་དབྱངས་མཚོ་འཚར་ལོངས་བྱུང་སའི་ཕ་ཡུལ་ཡིན།

འབྲོག་ཁུལ་ནས་འཚར་ལོངས་བྱུང་བའི་བུ་མོ་འཁྲབ་སྟོན་པ་ཞིག་གི་ཕུགས་འདུན།

བརྙན་ཕབ་ཡུལ་དུ་ཡོད་པའི་འཇམ་དབྱངས་མཚོ།

ལོ19ལ་སོན་པའི་འཇམ་དབྱངས་མཚོ་ད་ལོར་མཐོ་འབྲིང་ནས་སློབ་མཐར་ཕྱིན། སྟབས་ལེགས་པ་ཞིག་ལ་མོ་ནི་སྒྱུ་རྩལ་པ་གྲགས་ཅན་ཏེ་འཁྲབ་ཁྲིད་པ་ལིའུ་ཅིན་གྱིས་འཁྲབ་ཁྲིད་བྱས་པའི་གློག་བརྙན《ཐེན་པའོ》ཞེས་པའི་འཁྲབ་སྟོན་པར་བདམས་ཐོན་ཐུབ་ནས་གློག་བརྙན་སྒྱུ་རྩལ་གྱི་ཕྱོགས་སུ་གོམ་ཁ་སྒྱུར་བའི་གོ་སྐབས་ཐོབ། གློག་བརྙན་དུ་འཇམ་དབྱངས་མཚོ་ཡིས་གསར་བརྗེ་ནང་ཞུགས་ནས་དམར་དམག་དང་མཉམ་དུ་རྩྭ་ཐང་དུ་བསྐྱོད་པའི་བོད་ཀྱི་དམར་དམག་གི་བུ་མོ་ཞིག་འཁྲབ་པ་རེད།

རྔ་བ་ཁུལ་ཁྱུང་མཆུ་རྫོང་དུ་དམར་དམག་རྩྭ་ཐང་བརྒལ་བའི་དངོས་ཟིན་གློག་བརྙན་ཕབ་པའི་ཁྲོད་དུ་ཞུགས་རྗེས། འཇམ་དབྱངས་མཚོ་ཡིས་ཏང་དང་དམར་དམག། རྒྱང་སྐྱོད་སོགས་ཀྱི་སྙིང་སྟོབས་ལ་གོ་བ་དེ་བས་གཏིང་ཟབ་ལོན། མོས་དངོས་ཟིན་བརྙན་ཕབ་བརྒྱུད་ནས་རང་ཉིད་དམར་དམག་གི་འཐབ་འཛིང་པའི་ཚབ་བྱས་ནས་དམག་དམར་རྒྱང་སྐྱོད་ཀྱི་དཀའ་ཚེགས་དང་སྙིང་སྟོབས་ཞུམ་པ་མེད་པ་ལ་མྱོང་ཚོར་ཟབ་མོ་ཐེབས་བྱུང་། ང་ཚོའི་ད་ལྟའི་བདེ་སྐྱིད་ཀྱི་འཚོ་བ་ནི་ལས་སླ་པོར་ཐོབ་པ་མིན་ལ། ཏང་དང་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་བཟང་པོའི་བཀའ་དྲིན་ལས་ཐག་རིང་ལུང་ཁུག་གི་ཕྲུ་གུ་དེ་བས་མང་པོར་སློབ་གསོ་ཡག་པོ་ཐེབས་ཐུབ་ཡོད་ཅེས་བཤད་པ་རེད།

འཇམ་དབྱངས་མཚོ་ནི་ཁྱིམ་ཚང་བདེ་སྐྱིད་ལྡན་པ་ཞིག་ཏུ་སྐྱེས་ཤིང་འཚར་ལོངས་བྱུང་ལ། ཁྱིམ་མི་བཞི་ཡོད་ཅིང་ཕ་མ་གཉིས་ཀ་འབྲོག་པ་ཡིན་པས་རིག་གནས་ཤེས་བྱའི་ཆུ་ཚད་མཐོན་པོ་མེད་མོད། འོན་ཀྱང་རྒྱལ་ཁབ་ཀྱི་སློབ་གསོ་ཁྱབ་གདལ་གཏོང་བའི་འོག་ཕ་མ་གཉིས་པོས་ཤེས་བྱར་བརྟེན་ནས་ལས་དབང་ལ་འགྱུར་ལྡོག་འབྱུང་ཐུབ་རྒྱུའི་ཡིད་ཆེས་བྱེད་ཀྱིན་ཡོད། ཁོང་ཚོས་འཇམ་དབྱངས་མཚོ་དང་མོའི་གཅེན་མོ་བཀྲ་ཤིས་དཔལ་མོ་གཉིས་ཀྱིས་སློབ་སྦྱོང་ལ་འབད་འབུངས་བྱས་ནས་མདུན་ལམ་ཆེན་པོ་ཡོད་པའི་རེ་བ་བྱེད་ཀྱི་ཡོད། བུ་མོ་གཉིས་ཀྱིས་ཕ་མའི་རེ་བ་ཆུད་ཟོས་སུ་མ་བཏང་ཞིང་། སློབ་སྦྱོང་ལ་དཀའ་སྤྱད་འབད་བརྩོན་ལྷོད་མེད་བྱས་པའི་འབྲས་བུ་ཐོན་ཏེ། འཇམ་དབྱངས་མཚོས་ཁྱུང་མཆུ་རུ་བརྙན་ཕབ་བྱེད་རིང་དུ་མོ་རང་ལ་སློབ་ཆེན་གྱི་སློབ་བསྡུའི་བརྡ་ཐོ་འབྱོར་པ་དང་། གཅེན་མོ་བཀྲ་ཤིས་དཔལ་མོ་ཡང་འབྲོག་ཁུལ་ནས་ཐོན་དཀོན་པའི་དངོས་གཞིའི་ཚན་ཁག་གི་སློབ་ཆེན་སློབ་མ་ཞིག་ཏུ་གྱུར་པ་རེད།

འབྲོག་ཁུལ་ནས་འཚར་ལོངས་བྱུང་བའི་བུ་མོ་འཁྲབ་སྟོན་པ་ཞིག་གི་ཕུགས་འདུན།
འཁྲབ་ཁྲིད་པ་ལིའུ་ཅིན་གྱིས་འཇམ་དབྱངས་མཚོར་བརྙན་ཕབ་ནང་དོན་འགྲེལ་བཤད་རྒྱག་བཞིན་པའི་ཚུལ།

ཕ་མའི་བསླབ་བྱ་བཟང་པོའི་སྐོར་གླེང་སྐབས་འཇམ་དབྱངས་མཚོས་གཞུང་ལམ་སྟབས་བདེ་མེད་པ་དང་འཚོ་བའི་ཆ་རྐྱེན་ཡག་པོ་མེད་པའི་ལོ་རབས་སུ་ངའི་ཕ་མ་གཉིས་པོས་སྔ་ནས་སློབ་སྦྱོང་གི་གལ་ཆེ་བའི་རང་བཞིན་ཤེས་རྟོགས་བྱུང་ཡོད། ཁོང་ཚོའི་དུས་རབས་སུ་སློབ་སྦྱོང་བྱེད་པའི་གོ་སྐབས་ཡག་པོ་མེད་པའི་དབང་གིས་བློ་ཕམ་ཆེན་པོ་བྱུང་ཡོད། དེ་ནས་ཁོང་ཚོས་ང་ཚོར་ལྷག་པར་གཅེས་སྐྱོང་བྱས་ནས་དེ་བས་ལེགས་པའི་སྒོ་ནས་སྤྱི་ཚོགས་ལ་དྲིན་ལན་འཇལ་རྒྱུ་དང་སྤྱི་ཚོགས་ལ་ཕན་ཐོགས་ཡོད་པའི་མི་ཞིག་ཏུ་འགྱུར་རྒྱུའི་རེ་བ་བྱེད་ཀྱིན་ཡོད་ཅེས་བཤད་པ་རེད།

འབྲོག་ཁུལ་ནས་ཐོན་པའི་བུ་མོ་ཞིག་ཡིན་པའི་ཆ་ནས་འཇམ་དབྱངས་མཚོ་དང་གཅེན་མོ་བཀྲ་ཤིས་དཔལ་མོ་གཉིས་ཀྱིས་སློབ་སྦྱོང་ཐད་ཕ་མ་གཉིས་ལ་སེམས་ཁྲལ་གཏན་ནས་བྱ་མི་དགོས་པར་བྱས་ཡོད། རྒྱལ་ཁབ་ཀྱི་སློབ་གསོའི་རོགས་སྐྱོར་སྲིད་ཇུས་ཀྱི་ཕན་བདེའི་འོག་བུ་མོ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་སློབ་སྦྱོང་ལ་འབད་བརྩོན་ཆེན་པོ་བྱས་དང་བྱེད་བཞིན་ཡོད་ལ། བུ་མོ་གཉིས་ཀྱིས་ད་ཆའི་འཚོ་བ་སྐྱིད་པོ་ལས་སླ་པོའི་སྒོ་ནས་བྱུང་བ་མིན་པ་དང་སློབ་སྦྱོང་གི་གལ་ཆེ་བའི་རང་བཞིན་ལ་ཡང་ངོས་འཛིན་གསལ་པོ་ལོན་ཐུབ་ཡོད་པ་རེད།

འབྱུང་འགྱུར་སློབ་ཆེན་གྱི་འཚོ་བའི་སྐོར་གླེང་སྐབས། འཇམ་དབྱངས་མཚོས་ངས་སློབ་ཆེན་གྱི་འཚོ་བར་རེ་སྒུག་ཆེན་པོ་བྱེད་ཀྱིན་ཡོད། སློབ་སྦྱོང་ལ་འབད་བརྩོན་བྱས་ནས་རང་གིས་སྦྱངས་པའི་རིག་གནས་ལག་ལེན་ཁྲོད་བེད་སྤྱོད་བཏང་སྟེ། ཕ་ཡུལ་གྱི་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་ནས་རང་ཉིད་ཀྱི་སྤྱི་ཚོགས་རིན་ཐང་མངོན་འགྱུར་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད། འཇམ་དབྱངས་མཚོའི་ཁྱིམ་དུ་སྐྱོད་སྐབས་གཙང་ཞིང་གྲ་འགྲིག་ཅིང་ཁྱིམ་དུ་དྲོད་ཁོལ་འཛོམས་པ་ཞིག་རེད། གཟེངས་བསྟོད་དཔང་ཡིག་སྣ་ཚོགས་པར་སྒྲོམ་ནང་གྲ་འགྲིག་པོའི་སྒོ་ནས་ཅོག་ཙེའི་ཐོག་བཞག་ཡོད་པ་དང་། གཟེངས་བསྟོད་རེ་རེ་ནི་འཇམ་དབྱངས་མཚོ་དང་གཅེན་མོ་བཀྲ་ཤིས་དཔལ་མོ་གཉིས་ཀྱིས་སློབ་སྦྱོང་ལ་འབད་བརྩོན་བྱས་པའི་གྲུབ་འབྲས་ཡིན་པར་མ་ཟད། ཕ་མ་གཉིས་པོས་སྤོབས་པ་སྐྱེ་འོས་པའི་གྲུབ་འབྲས་ཀྱང་ཡིན་པ་རེད།

འབྲོག་ཁུལ་ནས་འཚར་ལོངས་བྱུང་བའི་བུ་མོ་འཁྲབ་སྟོན་པ་ཞིག་གི་ཕུགས་འདུན།
འཇམ་དབྱངས་མཚོ་དང་འཁྲབ་སྟོན་པའི་མཉམ་པར།

ཕ་མ་གཉིས་ཀྱིས་འཇམ་དབྱངས་མཚོ་དང་བཀྲ་ཤིས་དཔལ་མོར་སློབ་སྦྱོང་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཆེད། བུ་མོ་གཉིས་སློབ་ཆུང་དུ་ཞུགས་རན་དུས་རྫོང་མཁར་དུ་སྤོས་ནས་སློབ་གྲྭར་མངགས། ཁྱིམ་ཚང་གི་ཡོང་འབབ་མང་དུ་གཏོང་ཆེད། དབྱར་རྩྭ་དགུན་འབུ་བརྐོས་ཚར་རྗེས་ངལ་ལས་བྱས་ནས་ཡོང་འབབ་འཕར་ཐབས་བྱས། ཕ་མས་རིག་གནས་མེད་པའི་དཀའ་སྡུག་མྱངས་པས་ད་གཟོད་རང་གི་ཕྲུ་གུར་རིག་གནས་མེད་པའི་དཀའ་སྡུག་མྱོང་དུ་མ་འཇུག་ཅིང་། མ་འོངས་པར་རང་གི་ཤེས་ཡོན་ལ་བརྟེན་ནས་ངོ་མཚར་ཆེ་བའི་མི་ཚེ་སྐྱེལ་ཐུབ་པར་འདོད་ལ། ཕ་དོན་གྲུབ་མགོན་པོ་ཡིས་ང་ཚོའི་སྐབས་སུ་འགྲིམ་འགྲུལ་སྟབས་བདེ་མེད་པ་སོགས་དཀའ་ངལ་སྣ་ཚོགས་ལས་སློབ་གྲྭར་འགྲོ་བའི་གོ་སྐབས་མེད། དེ་ནི་ངའི་མི་ཚེ་ཧྲིལ་པོའི་ནང་གི་ཆེས་བློ་ཕམ་དགོས་པའི་བྱ་བ་ཞིག་རེད། འོན་ཀྱང་ད་ཆ་གཞུང་ལམ་ཚང་མ་རང་ཁྱིམ་གྱི་སྒོ་ཁར་བསྐྲུན་ཡོད། རྒྱལ་ཁབ་ཀྱིས་རོགས་སྐྱོར་སྲིད་ཇུས་མང་པོ་བཏོན་ཡོད་ཅིང་། ད་ཆ་ཕྲུ་གུ་ཚོས་འབད་བརྩོན་བྱེད་པའི་དུས་རབས་ཡིན་པས་ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་ཚོར་གྱི་འདུག་ཅེས་བཤད་པ་རེད།

འཇམ་དབྱངས་མཚོ་དང་བཀྲ་ཤིས་དཔལ་མོ་ནི་མཐོ་སྒང་ཞིང་འབྲོག་ས་ཁུལ་གྱི་སློབ་མ་ཁྲི་སྟོང་མང་པོའི་ཁྲོད་ཀྱི་མིག་དཔེ་ཡིན་ཞིང་། ཞིང་འབྲོག་ས་ཁུལ་གྱི་ཕྲུ་གུ་དེ་བས་མང་པོས་སློབ་གྲྭ་རུ་ཤེས་བྱའི་བདུད་རྩི་བཏུང་ནས་རང་ཉིད་ཀྱི་མི་ཚེའི་རིན་ཐང་མངོན་འགྱུར་ཡོང་བར་འབད་དགོས་པའི་དུས་ཁྱད་པར་ཅན་དུ་ལགས་སོ།།

  • ལེ་ཚན་སྔོན་མ།:ལྷ་རིས་སྒྱུ་རྩལ་པ་དགེ་ལེགས་བསྟན་འཛིན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།