མཐོང་སྒྲིབ་ལྷ་རིས་པ་ནམ་མཁའ་རྒྱན་གྱི་མི་རབས་བརྒྱད་པའི་རྒྱུད་འཛིན་པ་ལྷ་བཟོ་དགེ་ལེགས་བསྟན་འཛིན་ངོ་སྤྲོད་མདོར་བསྡུས།

        2023-01-10

ལྷ་རིས་སྒྱུ་རྩལ་པ་དགེ་ལེགས་བསྟན་འཛིན།

     སྤྱིར་ཧོར་དཀར་མཛེས་ལ་མཚོན་ན༼དཀར་མཛེས་ནོར་བུའི་གླིང༽ཞེས་ཀུན་ཀྱི་ངག་རྒྱུན་དུ་རྒྱུན་འབྱམས་སུ་སོང་ཟིན་པ་ལྟར་ཕྱི་སྣོད་ཀྱི་འཇིག་རྟེན་དང་། ནང་བཅུད་ཀྱི་སེམས་ཅན། དེས་མ་ཚད་སྲོལ་རྒྱུན་དང་དེང་རབས་ཀྱི་རིག་གནས་སྒྱུ་རྩལ་སོགས་རིན་ཐང་གཞལ་དུ་མེད་པའི་ནོར་བུ་རིན་པོ་ཆེ་དུ་མས་ཁེངས་པའི་གླིང་དང་འགྲན་ནུས་པས་དོན་དང་མཐུན་པའི་མིང་དེ་ལྟར་ཐོགས་པ་གདོན་མི་ཟ་ལ། རིག་གནས་དང་སྒྱུ་རྩལ་སྣ་མང་དེ་དག་གི་ཁྲོད་ནས་རྒྱལ་ཁབ་རིམ་པའི་མངོན་མིན་ཤུལ་བཞག་ནམ་མཁའ་རྒྱན་གྱི་ལྷ་རིས་ནི་དཀར་མཛེས་ཡུལ་གྱི་བཟོ་རིག་སྒྱུ་རྩལ་གྱི་ཆ་ཤས་ཆེན་པོ་ཞིག་ཏུ་གྱུར་ཡོད་དེ། སྤྱིར་མཐོང་སྒྲིབ་ལྷ་རིས་པ་ནམ་མཁའ་རྒྱན་གྱི་མཚན་སྙན་བོད་ཡོངས་ལས་བརྒལ་ཏེ་ཕྱིའི་རྒྱལ་ཁབ་མང་པོ་ལའང་ཁྱབ་བཞིན་ཡོད་པ་རེད་ལ། ཡང་དགོས་སུ་ལྷ་རིས་པ་གྲགས་ཅན་ནམ་མཁའ་རྒྱན་ཐོག་མ་སྙན་གྲགས་རྒྱས་ཡུལ་དང་སློབ་རྒྱུད་གཙོ་བོ་དག་ནི་དཀར་མཛེས་རྫོང་གི་སྟོང་སྐོར་ལུང་པ་དང་བྲག་མགོའི་ཏྲེ་ཧོར་གཉིས་ཡིན་པ་རྩོད་མེད་ཡིན། དེ་ལས་ཀྱང་དཀར་མཛེས་སྟོང་སྐོར་དུ་ཁོང་གི་དངོས་སློབ་གཙོ་བོའམ་ཁོང་དང་མཉམ་པའི་སློབ་བུ་བུ་ཏོག་ལུང་ཙུ་སྐྱབས་སོགས་གསུམ་ཡོད་པ་བཤད།

     སྟོང་སྐོར་ཞབས་དྲུང་སྐུ་ཕྲེང་དྲུག་པ་འཇམ་དཔལ་དགེ་འདུན་རྒྱ་མཚོའི་སྐུ་དུས་སུ་ཞབས་དྲུང་གིས་གདན་འདྲེན་ཞུས་པ་ལྟར་སྤྲུལ་པའི་ལྷ་བཟོ་ནམ་མཁའ་རྒྱན་སྟོང་སྐོར་དུ་ཕེབས་ནས་ཡུན་རིང་བཞུགས་ཤིང་ཡུལ་དགོན་གཉིས་པོ་ལ་ཐང་ག་མང་དུ་བྲིས་པ་དང་། བུ་ཏོག་ལུང་ཙུ་སྐྱབས་སོགས་ནམ་མཁའ་རྒྱན་ཁོང་དང་མཉམ་པའི་སློབ་བུ་གསུམ་ཙམ་བྱུང་བ་ཡིན་འདུག་ལ་དེ་དག་རེ་རེས་ཀྱང་སློབ་བུ་མང་དུ་བསྐྱངས་པས་སློབ་རྒྱུད་མ་ཆད་པ་དེང་སང་བར་དུ་ཡོད་དོ།།


ལྷ་རིས་སྒྱུ་རྩལ་པ་དགེ་ལེགས་བསྟན་འཛིན།

     ལྷ་བཟོ་ནམ་མཁའ་རྒྱན་དང་འབྲུ་ཡག་ལྷ་དཔོན་གཉིས་ཀྱི་པིར་མདོང་།


ནམ་མཁའ་རྒྱན་གྱི་དངོས་སློབ་བུ་ཏོག་ལུང་ཙུ་སྐྱབས་དང་དེའི་དངོས་སློབ་རྦ་ལ་མདའི་ཕྱུག་གུ་ལྷ་བཟོ། དེའི་དངོས་སློབ་རྒྱ་འཕན། དེའི་དངོས་སློབ་གསའ་སྔོ་པོ། དེའི་དངོས་སློབ་བླ་མ་ལྷ་ཕྲུག་དང་རིན་པོ། འབྲུ་ཡག་སྤང་མཁར་ཡེ་ཤེས་བཟང་པོ་བཅས་ཡིན། དེ་དག་གསུམ་གྱི་དངོས་སློབ་འབྲུ་ཡག་ལྷ་དཔོན་ནམ་བློ་བཟང་བསྟན་འཛིན་ཡིན། ཁོང་གི་ཚ་བུའམ་དངོས་སློབ་དགེ་ལེགས་བསྟན་འཛིན་ཡིན། 

     དེ་ལྟར་བརྩིས་པའི་མཐོང་སྒྲིབ་ལྷ་རིས་པ་ནམ་མཁའ་རྒྱན་གྱི་མི་རབས་བརྒྱད་པའི་རྒྱུད་འཛིན་པ་ལྷ་བཟོ་དགེ་ལེགས་བསྟན་འཛིན་ཁོང་ཡིན་ལ། ཁོང་ངོ་སྤྲོད་མདོར་བསྡུས་ཤིག་ཞུས་ནས་གཤམ་གསལ།


ཐོག་མར་ལྷ་རིས་དང་བཅའ་བཟོ་སྦྱངས་ཚུལ།

     དཀར་མཛེས་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་དང་དཀར་མཛེས་རྫོང་ན་གཞོན་ཁེ་ལས་པའི་མཐུན་ཚོགས་པ། མཐོང་སྒྲིབ་ལྷ་རིས་སྲོལ་འབྱེད་ནམ་མཁའ་རྒྱན་སྒྱུ་རྩལ་གླིང་གི་སྤྱི་ཁྱབ་འགན་འཛིན་པ་སོགས་ཡིན་པའི་ལྷ་བཟོ་དགེ་ལེགས་བསྟན་འཛིན་ནི་ཤིང་ཡོས་ལོ་སྟེ་སྤྱི་ལོ་༡༩༧༥ལོར་སི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་སྟོང་སྐོར་གྱི་འབྲུ་ཡག་ལྷ་བཟོ་ཚང་ཞེས་པའི་མི་རབས་མང་པོ་ལྷ་བཟོ་ཡིན་པའི་ལྷ་བཟོའི་ཁྱིམ་རྒྱུད་དུ་སྐྱེས། རང་ལོ་དྲུག་གི་སྟེང་། ཁྱི་ཟླའི་བཅུ་གཅིག་གི་སྐར་མ་རྒྱལ་ཕུར་ཀྱི་ཉིན་དུ་ནམས་མཁའ་རྒྱན་གྱི་མི་རབས་བདུན་པའི་རྒྱུད་འཛིན་པ་འབྲུ་ཡག་ལྷ་དཔོན་ནམ་བློ་བཟང་བསྟན་འཛིན་ལགས་ཀྱིས་དབྱངས་གསལ་སོ་བཞིའི་འབྲི་ཀློག་དང་། བཀྲ་ཤིས་རྟགས་བརྒྱད་ཀྱི་སྐྱ་རིས་བསླབས་མགོ་བརྩམས། 

     དེ་ནས་ཨ་མྱེ་དང་ཨ་ཕ་གཉིས་ཀྱིས་དྲུང་ནས་སྨོན་ལམ་ཞབས་ཚང་དང་སྟོང་སྐོར་དགོན་གྱི་མཁན་ཟུ་དཀོན་མཆོག་མཐར་ཕྱིན་ལགས་ཀྱི་དྲུང་ནས་སྐང་གསོལ་ཞབས་ཚང་དང་གསང་བདེ་འཇིགས་གསུམ། ཀུན་རིག  དབུ་མ་འཇུག་པ། མངོན་རྟོག་རྒྱན་སོགས་བསླབས་པས་མ་ཚད། ཨ་མྱེ་བཀའ་དྲིན་ཅན་འབྲུ་ཡག་ལྷ་དཔོན་ལགས་ཀྱི་མདུན་ནས་མི་ལོ་དུ་མར་སྐྱ་བྲིས། རས་གཞི་རྒྱང་སྟངས། མཚོན་སྡེབ་ཚུལ་བཅས་ཐང་ཀ་འབྲི་སྦྱོང་དང་། སྐུ་བརྙན་བཟོད་བྱེད་ཀྱི་རྒྱ་ཆ་འདེམས་ཚུལ་དང་བཅས་པའི་འབུར་བཟོ་སོགས་ལ་ཞིབ་ཅིང་ཕྲ་བར་བསླབས་ནས་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ།

ལྷ་རིས་སྒྱུ་རྩལ་པ་དགེ་ལེགས་བསྟན་འཛིན།
འབྲུ་ཡག་ལྷ་དཔོན་ནས་བརྒྱུད་པའི་ཚོན་རྐོང་དང་བརྡར་རྡོ།


     ཐོག་མར་ལྷ་རིས་འབྲི་སྦྱོང་གི་དུས་སུ་གཅིག་ནས་ལོ་ན་ཕྲ་བ་དང་གཉིས་ནས་གསང་སྟབས་ཀྱིས་སྦྱོང་དགོས་པ་སོགས་ཀྱིས་དཀའ་ཁག་རབ་དང་རིམ་པར་ཕྲད་ཀྱང་། ལྷ་རིས་འབྲི་བར་ཤིན་ཏུ་དགའ་བས་སྔ་དྲོ་ཨ་མྱེས་རི་མོ་འབྲི་སློབ་པ་དང་ཕྱི་དྲོར་འཆར་གཞི་དང་བཀོད་སྒྲིག་ཏུ་མ་འདུས་པའི་དེང་རབས་རི་མོ་སྣ་ཚོགས་ལ་རང་སྦྱོང་བྱས། བྱིས་པ་གཞན་དག་རྩེད་མོ་ལ་གཡེང་སྐབས་ཀྱང་རི་མོ་འབྲི་སྦྱོང་ལ་འབད་པས། འབྲུ་ཡག་ལྷ་དཔོན་གྱི་སློབ་མ་ཉི་ཤུ་ལ་ཉེ་བའི་ནང་ནས་སྦྱངས་འབྲས་ཆེས་བཟང་བར་གྱུར།


ལྷ་རིས་སྒྱུ་རྩལ་པ་དགེ་ལེགས་བསྟན་འཛིན།
ལྡེ་མེ་དང་ལྡེ་ཁུག།


     དེ་ནས་ཨ་མྱེ་བཀའ་དྲིན་ཅན་འབྲུ་ཡག་ལྷ་དཔོན་ལགས་ཀྱིས་ལྷ་བཟོ་ནམ་མཁའ་རྒྱན་གྱིས་གུ་རུ་རིན་པོ་ཆེས་ཞལ་གཟིགས་པ་མ་ཟད་ཁོང་གིས་བྲིས་པའི་ཐང་ཀ་ཡོད་ཚད་དུ་གུ་རུ་རིན་པོའི་ཆེའི་སྐུ་རེ་མངོན་ལྐོག་གང་རུང་དུ་ཡོད་པར་གྲགས་པས། ཁྱོད་རང་གིས་ཀྱང་རྟེན་འབྲེལ་གྱི་ཚུལ་དུ་ཆེས་ཐོག་མར་གུ་རུའི་སྐུ་ཆ་ཚང་བ་ཞིག་བྲིས་ཤིག་ཅེས་གསུངས་པར་ལྟར་བྲིས་པའི་གུ་རུའི་སྐུ་དེ་ད་ལྟ་ད་དུང་ཁྱིམ་དུ་ཉར་ཡོད། དེ་ནི་ཐང་ཀ་འབྲི་བའི་གོ་རིམ་ཆ་ཚང་བ་རང་ཉིད་ཁོ་ནས་གྲུབ་པའི་ཐང་ཀ་ཐོག་མ་དེ་ཡིན།


སྐུ་བརྙན་བཞེངས་བསྐྲུན་དང་ཐང་ཀ་བྲིས་ཚུལ།

     ལོ་ཉེར་གསུམ་ནས་བཟུང་ཨ་མྱེའམ་དགེ་རྒན་བློ་བཟང་བསྟན་འཛིན་ལགས་དང་མཉམ་དུ་སྟོང་སྐོར་བསཱོ་ཐོག་རྒྱལ་བའི་དབེན་གནས་སུ་བྱམས་པ་གཙོ་འཁོར་གསུམ་གྱི་སྐུ་བརྙན་བཞེངས་བ་དང་། གྱང་ལྡེབས་སུ་ཉེ་བའི་སྲས་བརྒྱད་ཀྱི་ཐང་ཀ་བྲིས། ཁང་གསར་སྐྱབས་མགོན་རིན་པོ་ཆེས་གདན་འདྲེན་ལྟར་དཀར་མཛེས་དགོན་གྱི་འདུ་ཁང་དུ་སྟོན་པ་གཙོ་འཁོར་གསུམ་ལ་སོགས་སྐུ་བརྙན་བཅུ་ཕྲག་དང་ཀ་བྲག་ཇོ་བོ་སོགས་བཅའ་བཟོ་བྱས།


ལྷ་རིས་སྒྱུ་རྩལ་པ་དགེ་ལེགས་བསྟན་འཛིན།

     རྫ་ཚབ་ཚབ་དགོན་དུ་གྲུབ་ཐོབ་བརྒྱད་བཅུའི་ཐང་ཀ་བྲིས་ཤིང་སྐུ་བརྙན་ཡང་མང་པོ་བཞེངས། བླ་མ་ཚེ་་བརྟན་རྡོ་རྗེ་དང་བླ་མ་ཇ་ལོ་གཉིས་ཀྱིས་གདན་འདྲེན་ལྟར་སྙི་དར་རྒྱས་དགོན་དུ་ཇོ་བོ་དང་བྱམས་པའི་སྐུ་བརྙན་བཞེངས་ལ་སངས་རྒྱས་སྟོང་སྐུའི་ཐང་ཀ །རྗེ་ཡབ་སྲས་གསུམ་གྱི་ཐང་ཀ །སྐུ་རིམ་རྣམ་གསུམ་གྱི་ཐང་ཀ་སོགས་བྲིས། དར་རྩེ་མདོའི་ལྷ་མོ་རྩེ་དགོན་དུ་སྟོན་པ་གཙོ་འཁོར་གསུམ་སོགས་བཞེངས། ཤུ་སྒང་རྨ་སྤྲུལ་གྱིས་གདན་འདྲེན་ལྟར་ཁོང་གི་ཐུགས་བཀོད་ལྟར་མཐོ་ཚད་ལ་ཁྲི་༩ཙམ་ཡོད་པའི་ཟངས་མདོག་དཔལ་རིའི་ཞིང་བཀོད། ཀུན་རིག་གི་ཐང་ཀ་སོགས་བྲིས། སྟོང་སྐོར་དགོན་གྱི་གནས་བཅུ་ཁང་དུ་གནས་བརྟན་བཅུ་དྲུག་དང་བྱམས་པ་གཙོ་འཁོར་གསུམ། རྗེ་ཡབ་སྲས་གསུམ། ཚེ་ལྷ་རྣམ་གསུམ་བཅས་བཞེངས། འབྲུ་ཡག་གྲོང་དུ་རྗེ་ཡབ་སྲས་གསུམ་དང་སྟོན་པ། གུ་རུའི་སྐུ་བཅས་བཞེངས་ཤིང་ལྡེབས་རིས་བྲིས། དེ་མིན་མཁན་པོ་སྤེན་དགའ་ལགས་ཀྱིས་གདན་འདྲེན་ལྟར་རྫ་སྤེ་རྙིང་དགོན་དང་། གཞི་ཆེན་འབུམ་བརྩིགས་དགོན། མཁའ་གསར་བླ་མས་གདན་འདྲེན་ལྟར་ལྕོག་རུ་དགོན་སོགས་སྤྱི་སྒེར་མང་པོར་ཨ་མྱེ་དང་མཉམ་དུ་སྐུ་བརྙན་བཞེངས་བསྐྲུན་དང་ཐང་ཀ་ཧ་ཅང་མང་པོ་བྲིས། 

དེ་ནས་རག་བཀྲ་མཁན་པོ་ལགས་ལ་སྟོན་པ་གཙོ་འཁོར་གསུམ་དང་བདེ་ཆེན་ཞིང་བཀོད། རྗེ་ཡབ་སྲས་གསུམ། གུ་རུ་གཙོ་འཁོར་གསུམ། ཐུགས་རྗེ་ཆེན་པོ་རྒྱལ་པོའི་ལུགས་བཅས་བྲིས། དཔལ་ལྡན་ལྷ་མོ་དང་མགོན་པོའི་སྐུ་བརྙན་སོགས་བཞེངས་པས་མཁན་ཆེན་ལགས་ཀྱིས་རྟེན་འབྲེལ་ལེགས་པོ་བྱུང་ཞེས་ཐུགས་ཧ་ཅང་མཉེས།


ལྷ་རིས་སྒྱུ་རྩལ་པ་དགེ་ལེགས་བསྟན་འཛིན།

     སྟོང་སྐོར་དགོན་དུ་ཙོང་ཁ་བརྒྱད་བཅུའི་ཞལ་ཐང་བྲིས་ལ། སྒྲུབ་མཆོད་ཀྱི་འཆམ་འབག་སོགས་འབྲི་མཁན་གྱི་གྲལ་དུ་ཡོད། མཁར་གསར་རི་ཁྲོད་དུ་དགའ་ལྡན་ཡིད་དགའ་ཆོས་འཛིན་དང་སྒྲོལ་མ།  འཇམ་དབྱངས་གཙོ་འཁོར་གསུམ་བཅས་ཀྱི་ཀ་ཤོག་བྲིས། བླ་མ་ཨོ་རྒྱན་རིག་འཛིན་གྱི་གདན་འདྲེན་ལྟར་གླག་བླ་ཆོས་འགྲུབ་ཀྱི་རི་ཁྲོད་དུ་སངས་རྒྱས་སྟོང་སྐུ། བདེ་ཆེན་ཞིང་ཐང་། སྙིང་ཐིག་གི་སྐྱབས་འགྲོའི་ཚོགས་ཞིང་། ཟངས་མདོག་དཔལ་རི། ཞི་ཁྲོ། དཔལ་ཐུལ་བརྒྱད་བཅུ། རྣམ་སྲས་རྐྱ་བརྒྱད། ཚེ་རིང་མཆེད་ལྔ་སོགས་བྲིས། ཛམ་ཐང་ཆོས་རྗེ་དགོན་དུ་སྐྱབས་འགྲོའི་ཚོགས་ཞིང་སོགས་བྲིས། ཛམ་ཐང་བླ་མ་ཡོན་ཏན་བཟང་པོའི་ཁྱིམ་ཚང་དུ་བླ་མ་ཁོང་གི་སྐུ་བརྙན་སོགས་བྲིས། མདོར་ན་ད་ལྟའི་བར་དུ་དགོན་སྡེ་དང་གྲོང་ཚོ་ཁྱིམ་ཚང་བཅས་ལ་ཐང་ཀ་ཆེ་ཆུང་བརྒྱ་ཕྲག་གསུམ་ལ་ཉེ་བ་དང་སྐུ་བརྙན་ཆེ་ཆུང་བརྒྱ་ཕྲག་ལ་ཉེ་བ་ཞིག་བཞེངས་ཡོད་དོ།།


བྲག་འགོ་ནམ་མཁའ་རྒྱན་གྱི་ཐང་ཀའི་སྒྱུ་རྩལ་མཐུན་ཚོགས་སུ་བྱ་བ་གཉེར་ཚུལ། 

     སྤྱི་ལོ༢༠༠༤ལོར་བྲག་འགོ་རྫོང་རིག་གནས་ཁང་གིས་རྩ་འཛུགས་ལྟར་ནམ་མཁའ་རྒྱན་གྱི་སློབ་རྒྱུད་འཚོ་སྡུད་དང་ཐང་ཀ་འབྲི་རྩལ་འགྲན་བསྡུར་བྱས་པར་ཞུགས་ནས་འགྲན་ཞུགས་པ་ཡོངས་ལས་ཆེས་ཕུལ་དུ་ཕྱིན་པའི་ངོས་འཛིན་དང་མཚན་བྱང་ཐོབ་པར་མ་ཟད། བྲག་འགོའི་ནམ་མཁའ་རྒྱན་གྱི་ཐང་ཀའི་སྒྱུ་རྩལ་མཐུན་ཚོགས་སུ་གདན་འདྲེན་ལྟར་ལྷ་བཟོ་དགེ་ལེགས་བསྟན་འཛིན་དེར་ཕེབས་ནས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པའི་འགན་བཞེངས་པ་དང་། བཅོས་སྒྱུར་དང་འཕྲི་སྣོན་སོགས་གང་ཡང་མ་བྱས་པར་ལྷད་མ་འདྲེས་པའི་ནམ་མཁའ་རྒྱན་གྱི་ཐང་ཀ་འབྲི་རྩལ་གྱིས་བྲིས་པའི་ཐང་ཀ་མང་པོ་པེ་ཅིང་དང་ཧོང་ཀྲུའུ། ཀང་ཏུང་སོགས་རྒྱལ་ནང་གི་ས་ཆ་སོ་སོར་ཧ་ཅང་བྲིན་པ་མ་ཟད། ཨ་རི་དང་ཐན་ཝེ་བྱང་ཁོ་རེ་ཡ་སོགས་སུ་ཡང་འགྲེམ་སྤེལ་བྱས། ༢༠༠༤ནས༢༠༠༨ལོའི་ལོ་མཇུག་བར་དུ་ནམ་མཁའ་རྒྱན་གྱི་ཐང་ཀའི་སྒྱུ་རྩལ་གླིང་དུ་སྐྱ་བྲིས་ནས་མགོ་བརྩམས་ཏེ། རས་གཞི་རྒྱང་སྟངས། མཚོན་སྡེབ་ཚུལ་སོགས་ནམ་མཁའ་རྒྱན་གྱི་ཕྱག་སྲོལ་ལྟར་ལྷ་དམར་ཁྲིད་བྱས། དེ་མིན་ཞིང་ཆེན་ཕྱི་ནང་གི་མཛེས་རྩལ་ཐད་ཀྱི་བགྲོ་གླེང་དང་ཚོགས་འདུ་རབ་དང་རིམ་པར་ཞུགས་པ་ལགས་སོ།།


དཀར་མཛེས་མཐོང་སྒྲིབ་ལྷ་རིས་སྲོལ་འབྱེད་ནམ་མཁའ་རྒྱན་སྒྱུ་རྩལ་གླིང་བཙུགས་ཚུལ། 

     ༢༠༡༩ལོ་དཀར་མཛེས་རྫོང་གེ་སར་མཁར་གྲོང་དུ་མཐོང་སྒྲིབ་ལྷ་རིས་སྲོལ་འབྱེད་ནམ་མཁའ་རྒྱན་སྒྱུ་རྩལ་གླིང་ཞེས་པའི་ཐང་ཀ་འབྲི་སྦྱོང་དང་སྐུ་བརྙན་བཞེངས་བསྐྲུན་སློབ་སྦྱོང་འགྲེམ་སྤེལ་བྱེད་སའི་རྟེན་གཞི་ཞིག་བཙུགས་ཡོད། 

     སྒྱུ་རྩལ་གླིང་བཙུགས་དགོས་པའི་རྒྱུ་མཚན་ནི་ལྷ་བཟོ་ཁོང་ནམ་མཁའ་རྒྱན་གྱི་སློབ་རྒྱུད་བརྒྱད་པ་དེ་ཡིན་པ་དང་། འབྲུ་ཡག་ལྷ་བཟོ་ཚང་གི་མི་རབས་གསུམ་པའི་རྒྱུད་འཛིན་པ་ཡིན་པས་ལྷ་རིས་སྒྱུ་རྩལ་གླིང་ཞིག་འཛུགས་པ་ནི་ཁོང་གི་ཐོག་མའི་བསམ་འདུན་དེ་ཡིན་པར་མ་ཟད། དེང་སང་ནམ་མཁའ་རྒྱན་གྱི་རྒྱུད་འཛིན་ཡིན་ཟེར་ནས་རི་མོ་འབྲི་ཚུལ་དང་། ཚོན་རྒྱག་སྟངས། ཚོན་མདངས་སྟངས་སོགས་མང་པོ་ཞིག་ལ་བཟོ་བཅོས་དང་འཕྲི་སྣོན། གང་དྲན་དུ་རང་བཟོ་བྱེད་བཞིན་པའི་དུས་འདིར་ལྷད་མ་འདྲེས་པའི་ནམ་མཁའ་རྒྱན་གྱི་ཕྱག་སྲོལ་རྒྱུད་འཛིན་དང་དར་སྤེལ་བྱེད་ཆེད་དུ་སྔ་མོའི་འཆར་གཞི་ལྟར་དུ་བཙུགས་ནས་ད་དུང་ཕ་མེད་མ་མེད་ཀྱི་དྭ་ཕྲུག་དང་ཁྱིམ་གྱི་འབྱོར་བ་ཞན་པའི་སློབ་མ་ཚོའི་འདོད་མོས་ལྟར་རིན་མེད་ཀྱིས་ཁྲིད་སྦྱོང་བྱེད་སའི་གནས་བསྐྲུན་པ་མ་ཟད། དཀར་མཛེས་མཐོང་སྒྲིབ་ལྷ་རིས་སྲོལ་འབྱེད་ནམ་མཁའ་རྒྱན་སྒྱུ་རྩལ་གླིང་དུ་ལྷ་རིས་པ་ནམ་མཁའ་རྒྱན་གྱི་པིར་མདོང་གཙོས་འབྲུ་ཡག་ལྷ་དཔོན་གྱི་ལྷ་བཟོའི་ལག་ཆ་དང་བཅའ་བཟོའི་པར་རྐོང། དུས་རབས་སྔོན་མའི་ཚོན་རྐོང་དང་རས་གཞི་བརྡར་བྱེད་སོགས་ལྷ་རིས་དང་འབྲེལ་བའི་ལག་ཆ་རྙིང་པ་རྣམས་ཉར་ཚགས་བྱས་ཡོད།


ལྷ་རིས་སྒྱུ་རྩལ་པ་དགེ་ལེགས་བསྟན་འཛིན།

     སྔ་རྗེས་སུ་སྒྱུ་རྩལ་གླིང་དུ་དཀར་མཛེས་རྫོང་གི་རྫོང་དཔོན་སྐལ་བཟང་གཡུང་དྲུང་དང་རྫོང་དཔོན་ངག་དབང་བྱམས་པ། སི་ཁྲོན་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོའི་དཀོན་མཆོག་བསྟན་འཛིན་དང་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་དགེ་རྒན་ཆེན་མོ་ལྷ་རིས་པ་གྲགས་ཅན་སྨན་སྒང་པ་ཡོད་ཏན་ཚེ་རིང་དང་བུ་རྒན། བོད་ལྗོངས་ཀྱི་རིམ་པ་དང་པོའི་ལྷ་རིས་པ་དངོས་གྲུབ། སྡེ་དགེ་དཀོན་མཆོག་བཀྲ་ཤིས་སོགས་བྱོན་ནས་གདེང་འཇོག་བླ་མེད་ཐོབ། ༢༠༢༠ལོར་སི་ཁྲོན་ཞིང་ཆེན་རིམ་པའི༼མི་རིགས༽དུས་དེབ་དང༢༠༢༢ལོའི་དཀར་མཛེས་རྫོང་གི་ལོ་དེབ༼དཀར་མཛེས་ཀྱི་དཀར་མཛེས༽སོགས་སུ་ཁོང་གི་ངོ་སྤྲོད་དང་བརྩམས་ཆོས་སྤེལ་བ་མ་ཟད། ཁོང་གིས་བྲིས་པའི་རྒྱལ་པོ་རྣམ་ཐོས་སྲས༼མི་རིགས༽དུས་དེབ་ཁང་གིས་ཉར་ཚགས་བྱས།  ད་ལྟ་རྫོང་དང་ཁུལ་རིམ་པའི་དངོན་མིན་ཤུལ་བཞག་རིག་གནས་རྒྱུད་འཛིན་པ། དཀར་མཛེས་ཁུལ་དམངས་ཁྲོད་རྒྱུ་རྩལ་ཚོགས་པའི་ཚོགས་མི། དཀར་མཛེས་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ཚོགས་མི། དཀར་མཛེས་ན་གཞོན་ཁེ་ལས་པ་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཡིན།


རྩོམ་པ་པོ། སྟོང་སྐོར་པདྨ་རྒྱལ་མཚན།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:འཁྲབ་སྟོན་པ་གྲགས་ཅན་སྟོབས་རྒྱལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།