རྗེ་ཙོང་ཁ་པ།

ཁྱུང་གཤོག        2023-12-06

དངོས་སུ་ཞལ་ཙམ་མཇལ་བའི་སྐལ་

བ་ཡང་དུས་ཀྱིས་འཕྲོག་ཀྱང་།

ཉིན་མཚན་གྱི་འཁོར་ཤུགས་ཁྲོད་ནས།

དད་གུས་ཀྱི་ཀློང་དུ་བཞེངས་པའི་ཁྱེད་ནི།

དོ་དགོང་གི་མར་མེའི་དྲོད་རླངས་ནང་བཞིན།

ཁ་བ་རི་བོའི་མགུལ་དུ་འཁྱིལ་ཡོད་ལ།

དྲན་གདུང་གི་ཀློང་ན་བསྙལ་བའི་ཁྱེད་རང་

མཆོད་རྐོང་གི་མར་ཁུ་ནང་བཞིན།

ས་གཞི་འདིའི་པང་ཁར་འཁྱིལ་ཡོད།

ཁྱེད་ཀྱི་ཆེ་བ་ཐོས་པ་ནས་བཟུང་།

ངས་རི་སྒང་འདིའི་གྲུ་ཟུར་དུ།

ཁྱེད་ཀྱི་སྣང་བརྙན་ལ་བློས་བསླངས་

སྟོང་ཕྲག་བྱས་ཤིང་།

ཕ་ཡུལ་གྱི་དབེན་འཇགས་ཁྲོད་ནས།

ཁྱེད་ཀྱི་ཕྱིར་མིག་ལ་ཐེངས་གསུམ་ཅེར་ཡོད།

དོ་དགོང་གི་དྲན་པ་འཁྱགས་

རླུང་གིས་འཚེ་བཞིན་འདུག་ཀྱང་།

ར་བ་འདིའི་མཁའ་དབྱིངས་སུ་འཚེར་བའི།

ཁྱེད་དང་ཁྱེད་ཀྱི་རྗེས་སུ་སློབ་པའི་

ཉི་ཟླའི་འོད་སྣང་།

བསོད་ནམས་ཞིང་གི་རྟེན་དུ་འབར་ཡོད།

ཁྱེད་ནི།

གླིང་མེ་འདིའི་དྲོད་ཁོལ་བཞིན།

ཁོང་ཅག།

གླིང་མེ་འདིའི་མེ་ལྕེ་བཞིན།

ང་ཚོའི་སེམས་ན་འོད་དང་ཟེར་དུ་གསོན་ཡོད།

བླ་མ་ལགས། ཙོང་ཁ་པ།

ཀྱེ། ང་ཡི་ཐམས་ཅད་མཁྱེན་པ།

ཕན་དང་བདེ་བའི་འབྱུང་གནས།

དྲན་གདུང་གི་འབོད་པ་གསོལ་

འདེབས་ཀྱི་དབྱངས་རྟར་འཆོལ་

བཞིན་པའི།

མི་ཚོགས་ཀྱི་ལག་པའི་ཕྱག་རྒྱ་དང་།

སེམས་ངོགས་སུ་བཞུར་བའི་མིག་ཆུ།

འཇིག་རྟེན་འདིའི་ཡང་རྩེ་ནས་

མཆེད་པའི་མཉམ་སྒྲོག་རོལ་མོ་ཇི་བཞིན།

ཁྱེད་ཅག་གི་ཕྱོགས་སུ་ཡང་ཡང་བཏང་ཡོད།

སྐར་ཚོགས་ལྟ་བུའི་སྐྱེས་ཆེན་རིམ་

བྱོན་གྱི་རིགས་ཞེན་ཡང་།

གསུབ་མི་ཐུབ་པའི་མར་མེ་རྒྱ་མཚོའི་

གཟི་བྱིན་དུ་ལམ་མེར་དྲན་འོང་།

དོ་དགོང་།

ཕ་ཡུལ་གྱི་ལུང་ཁོག་ན་ཁྱེད་ཀྱི་མཚན་

བཟང་གྲག་གིན་ཡོད་ལ།

ཡུལ་མི་ཚོས་མགོ་ཀླད་ན་ཁྱེད་ཀྱི་སྙིང་

སྟོབས་མཆོང་བཞིན་ཡོད།

ཀྱེ། ང་ཡི་ཐམས་ཅད་མཁྱེན་པ།

དྲན་གདུང་གི་འབོད་པ་ཐམས་ཅད་

འབྱིན་རྔུབ་ལྡན་པའི་ཟུག་རྔུ་རུ་སྲིད་ན།

ངས་ཀྱང་། ཕ་ཡུལ་གྱིས་ཁྱེད་རང་

དྲན་པའི་སྐྱོ་གཤིས་དང་།

ང་ཡིས་ཁྱེད་རང་དྲན་པའི་ནད་

གཞི་འདི་ལག་པས་བཏེགས་

ནས་ཁྱེད་ལ་བསྟན་ཡོད།

རྗེ་བླ་མ་དང་གཙོས་པས་མཁྱེན།



  • ལེ་ཚན་སྔོན་མ།:ཀུ་མཱ་ར་ལ་སྤྲིངས་པའི་འཕྲིན།
  • ལེ་ཚན་རྗེས་མ།:བསྟོད་ཚིག་གསེར་མདོག་གི་ཅོད་པན།