པདྨ་ནོར་བུས་བྲིས། 2023-12-07
བ་སྲས་སྡེ་བ་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་དགེ་རྫོང་རྫོགས་ཆེན་གྲོང་རྡལ་གྱི་མངའ་ཁོངས་སུ་ཡོད་པའི་གྲོང་ཚོ་ཆུང་ཆུང་ཞིག་གི་མིང་ཡིན། གྲོང་ཚོ་དེ་ནི་སྡེ་དགེ་རྫོང་དང་སེར་ཤུལ་རྫོང་གི་ས་མཚམས་ཀྱི་སྡེ་བ་ཞིག་ཡིན། ད་ལྟ་སྡེ་དགེ་རྫོང་གི་མངའ་ཁོངས་སུ་གཏོགས་པའི་འབྲོག་སྡེ་ཞིག་རེད།
གྲོང་ཚོ་དེར་མི་གྲངས་946དང་ཁྱིམ་ཐོ188ལས་མེད་ཀྱང་། སྡེ་བ་འདིའི་ས་གཤིས་ཆགས་ཚུལ་དང་། འཚོ་བ་རོལ་སྟངས་སོགས་ལ་ས་ཁུལ་གཞན་གྱི་སྡེ་བ་དང་བསྡུར་ན། འབྲོག་ལས་ཀྱི་འཚོ་བའི་ཁྱད་ཆོས་མངོན་གསལ་དོད་པོ་དང་། གཞུང་ལམ་217སི་ཁྲོན་ནས་མཚོ་སྔོན་ལ་འགྲོ་བའི་ལམ་བར་གྱི་འབྲོག་པའི་གྲོང་སྡེ་ཆུང་ཆུང་ཞིག་ཡིན།
དང་པོ། བ་སྲས་སྡེ་བའི་ས་མིང་ཐོགས་ཚུལ་དང་སྡེ་དགེའི་སྲས་བླ་མ།
བ་སྲས་སྡེ་བའི་མིང་གཞན་ལ། བ་གཞུང་མ་དང་། བ་ཁོག་སྡེ་བ་ཞེས་འབོད། ཕྱིས་སུ་མཆོག་སྤྲུལ་པདྨ་སྐལ་བཟང་ལགས་ཀྱིས་བ་སྲས་གསེར་གཞུང་སྡེ་བ་ཞེས་མིང་བཏགས། བ་ཁོག་ཅེས་ནི་ས་མིང་ཡུལ་ལ་ཐོགས་པའི་མིང་ཞིག་ཡིན། ས་མིང་འདི་བཏགས་པའི་ངག་རྒྱུན་ཡ་མཚན་ཞིག་བཤད་རྒྱུ་ཡོད་པ་ནི། ལུང་པ་འདིའི་ཆགས་དབྱིབས་བ་ཞིག་གི་ཁོག་པའི་ཟོལ་དང་འདྲ་བས་བ་ཁོག་ཟེར་བ་དང་། བ་ཆུ་ནི་བ་ཞིག་གི་རྒྱུ་མའི་དབྱིབས་ལྟར་གྱ་གྱུར་དུ་བཞུར་གྱིན་ཡོད་པས། བ་རྒྱུ་མ་རྒྱུ་ཁུག་ཞེས་ཟེར་སྲོལ་ཡོད་པ་རེད། ངག་རྒྱུན་གཞན་ཞིག་ནི་བྲག་མགར་རྒན་ཞེས་པའི་མགར་བ་བཟའ་མི་གསུམ་གྱིས་བ་ཞིག་དེད་ནས་ས་གནས་འདི་བརྒྱུད་དེ་སོང་བས་བ་ཁོག་ཞེས་ཐོགས་པ་རེད་ཟེར་བའི་བཤད་སྲོལ་མི་འདྲ་བ་གཉིས་ཙམ་འདུག
སྲས་ཚ་ཚང་ཞེས་པ་ནི་སྡེ་དགེ་རྒྱལ་པོའི་གདུང་སྲས་འོ་བྲན་དཔལ་གྱི་དབང་ཕྱུག་གི་ཡང་སྲིད་ཚེ་དབང་ཕུན་ཚོགས་སྐུ་འཁྲུངས་པས་དེ་ལ་སྡེ་དགེའི་སྲས་བླ་མ་ཞེས་འབོད། སྡེ་དགེའི་གདུང་སྲས་འཁྲུངས་སའི་ཁྱིམ་རྒྱུད་ལ་སྲས་ཚ་ཚང་ཞེས་ཐོགས་པ་དང་། སྲས་ཚ་ཚང་ནི་བ་ཁོག་ལུང་པའི་ནང་དུ་གཏན་སྡོད་ཡུན་རིང་བྱས། རྒྱ་ཀོང་གི་ཁྱིམ་རྒྱུད་ཅིག་སྲས་ཚ་ཚང་དང་མཉམ་དུ་ཡུན་རིང་གནས་སྡོད་བྱས་པས་སྲས་ཚ་རྒྱ་ཀོང་ཟེར་བ་ཞིག་ཀྱང་ཡོད། སྡེ་དགེའི་གདུང་སྲས་ལ་སྲས་བླ་མ་ཞེས་བོས་པས་ཁྱིམ་ཚང་ལ་སྲས་ཚ་ཚང་ཞེས་ཐོགས་པ་མ་ཚད། གདུང་སྲས་ཀྱི་ཁྱིམ་རྒྱུད་དེ་ཕྱིས་སུ་རུས་རྒྱུད་ཡིན་པར་ངོས་འཛིན་བྱེད་ཀྱིན་འདུག སྲས་ཚ་ཚང་ནི་བ་སྲས་སྡེ་བའི་ནང་དུ་སྔ་ཕྱི་བར་གསུམ་དུ་གནས་སྡོད་ཡུན་རིང་བྱས་རྗེས། རྗེས་སུ་བ་ཁོག་སྡེ་བ་དང་སྲས་ཚ་སྡེ་བ་གཉིས་པོ་མཉམ་གཅིག་ཏུ་ས་གནས་དེར་གནས་སྡོད་བྱས་པ་ལ་བ་སྲས་ཞེས་པའི་མིང་འདི་ཐོགས་པ་རེད།
གཉིས་པ། བ་སྲས་སྡེ་བའི་ཆགས་དབྱིབས་དང་བ་ཆུའི་བཞུར་ལམ།
བ་སྲས་སྡེ་བའི་རི་ཆུའི་ཆགས་དབྱིབས་ནི། ཉིན་སྲིབ་ཀྱི་རི་བོ་མེ་ཏོག་པདྨ་ཁ་ཕྱེས་པ་ལྟ་བུའི་དཀྱིལ་ཡངས་ལ་ཁ་དབྱེར་བས་གསེར་གྱི་གཞོང་པའི་རྣམ་པ་ཞིག་མཚོན་གྱིན་ཡོད། ངག་རྒྱུན་ལ་བ་ཡི་ཕྱོགས་སུ་གསེར་གྱི་མེ་ཏོག་འཁྲུངས་ཞེས་པ་བཞིན། ས་གནས་འདི་དམ་པའི་ས