རྟའུ་རྒྱལ་མཚན། 2023-07-18
འདིར་རྟའུ་ཞེས་པའི་ཡུལ་མིང་ཐོགས་ཚུལ་སྐོར་ངག་རྒྱུན་དང་ལོ་རྒྱུས་ཡིག་ཚང་ཁག་ལ་གཞི་བྱས་ནས་རང་གི་བསམ་ཚུལ་ཐུང་ཙམ་གླེང་བར་བྱ།
ཐོག་མར་ཡུལ་འདིའི་ངག་རྒྱུན་དུ་གྲགས་ཚུལ་ལྟར་ན། མི་ཉག་གངས་དཀར་གྱི་འདབས་སུ་རྒོད་མ་མ་བུ་གཉིས་ཡོད་པར་གློ་བུར་རྔོན་པ་ཞིག་གིས་སྙིང་རྗེ་མེད་པར་རྒོད་མ་མ་བུ་གཉིས་ལ་མདའ་འཕངས་པས། རྟེའུ་འདྲོགས་ནས་བྲོས་ཐར། རྩྭ་ཆུ་འཛོམས་ལ་ཡུལ་གྱི་བཀོད་པ་མཛེས་པ་ལྷ་ཡུལ་དང་འདྲ་བའི་ས་དེར་བསླེབས། དེ་ནས་བཟུང་རྟེའུ་ཡིས་དེར་འཚོ་བ་སྐྱེལ་པས། ཡུལ་དེའི་མིང་ལའང་རྟེའུ་ཞེས་གཏམ་རྒྱུད་ཀྱི་སྒོ་ནས་ཐོགས་པར་གྲགས། ཡང་འགའ་ཞིག་གིས་ས་འདིའི་བཀོད་དབྱིབས་རྒོད་མ་ཞིག་གི་ལྟོ་བ་དང་འདྲ་བ་རྒྱུ་མཚན་དུ་བྱས་ནས་ས་དབྱིབས་ཀྱི་སྒོ་ནས་བཏགས་པ (རྟེའུ་ཞེས་པའི་རྟེ་ནི་རྟ་ལ་གོ་བ་དང་འུ་ནི་ཕོ་བའམ་གྲོད་ཁོག་གོ་བ)སོགས་བཤད་ཚུལ་འགའ་ཡོད་པ་ནི་ངག་རྒྱུན་ཙམ་ལས་ཡིག་ཆར་གསལ་བ་དཀོན།
ལོ་རྒྱུས་ཀྱི་ཡིག་ཚང་ཁག་དུ་རྟེའུ་ཞེས་བཀོད་པ་འགའ་འདིར་དྲངས་ན།
ཏུན་ཧོང་ཡིག་རྙིང་ལས། ༡ རྟའི་ལོ་ལ་བབ་སྟེ་(སྤྱི་ལོ706) ། བཙན་པོ་དང་། ཕྱྀ་དབྱརད་དྲོན་ན་བཞུགས། བཙན་པོ་ཡབ་གྱྀ་དཔུར་མེར་ཀེ་ན་བཞུགས། འདུན་མ། ན་མར་དུ་འབོན་ད་རྒྱལ་བཙན་བཟུང་དང་། བློན་ཆེན་ཕོ་ཁྲྀ་གཟིགས་གྱྀས་བསྡུ་སྟེ། ལྷོ་འདུས་སྲེགས་ལ་བཀྱོན་ཕབ། མདོ་སྨད་གྱྀ་དགུན་འདུན་པར་གྱྀ་གླེ་མར་ཞང་རྒྱ་སྟོས་བསྡུས། དགུན་ཕྱྀང་བར་བཙན་པོ་ཡབ་གྱྀ་མདད་བཏང་། པྱྀ་མང་པངས་ནོངས། མདོ་སྨད་གྱྀ་འདུན་མ་ཡོལ་གྱྀ་རྟེའུ་དཀྱུསུ་འདུས་པར་ལོ་ཆིག ། ཞེས་པའི་སྐབས་སུ་རྟེའུ་ཞེས་ཡིག་རྙིང་དུ་དངོས་སུ་གསལ་ལ་རྟའུ་ནི་རྟེའུ་ལས་སྒྲ་ཟུར་ཆགས་པ་འདྲ།
འོན་ཏང་ཁ་ཅིག་གིས་སྐབས་འདིར་འཁོད་པའི་མདོ་སྨད་གྱྀ་འདུན་མ་ཡོལ་གྱྀ་རྟེའུ་དཀྱུསུ་འདུས་པར་ལོ་ཆིག ཞེས་པ་དེང་གི་རྟའུ་ལ་མི་གོ་བར། མདོ་སྨད་ཡུལ་གྱི་ས་ག་གེ་མོ་ཡིན་པར་འདོད་མོད། ལྷ་ལམ་གྲོངས་པས་སྐུལ་ཏེ་དོར་པཎ་ཆེན་ཐམས་ཅད་མཁྱེན་པ་ཡིས་མཛད་པའི་ལྷོ་རི་ནུས་དོན་ཕྱོགས་མོའི་བསང་ཡིག་གི་དབུ་རུ་མདོ་སྨད་རྟའུ་ཕྱོགས་སུ་གཞི་བདག་ལྷོ་རི་ནུས་དོན་ཕྱོགས་མོའི་བསངས་མཆོད་དགྱེས་བྱེད་ཀླུ་དབྱངས་ཞེས་གསལ་ལ། ཡང་གཞི་བདག་རྨོག་མཐོའི་བསངས་ཡིག་དུ་མདོ་སྨད་རྟའུ་གཞི་བདག་རྨོག་མཐོའི་བསང་མཆོད་འདོད་དོན་ལྷུན་འགྲུབ་གྱི་སྒྲ་དབྱང་ཞེས་གསལ་བ་ལས་གཏེར་ཡིག་དུ་བཀོད་པའི་མདོ་སྨད་རྟའུ་ཞེས་པ་དེང་གི་རྟའུ་ལ་གོ་བ་གསལ་བོར་ཤེས་ཐུབ།
གཞན་ཡང་། ཏུན་ཧོང་གཏེར་ཡིག་ལས་རྟའི་ལོ་ལ་བབ་སྟེ་(སྤྱི་ལོ682)། བཙན་པོ་ཉེན་ཀར་ན་བཞུགས་ཤྀང་། བློན་ཆེན་པོ་བཙན་སྙས། འདུན་མ་སྒྱོག་རམ་དུའ་བསྡུ་སྟེ། དགུན་མང་ཉེན་བཞྀ་བརྩན་རྔ། མང་ཞམ་སྟག་ཙབ་གཉིས་གྱིས། འདུན་མ་རྟེའུ་མཁར་དུ་བསྡུ་སྟེ་བྲུང་བ་ལྷོ་འབྲྀང་པོ་རྒྱལ་སུམ་སྲེགས་གྱྀས། ཉེན་ཀར་དུ་འབུལ་སྐྱེམས་གསོལད་ཕར་ལོ་གཅིག །
༣ སྟགི་ལོ་ལ་(738) ། བཙན་པོ་ཕོ་བྲང་དབྱརད་དྲོན་ན་བཞུག་སྟེ། ཆད་ཀ་བཅད། དགུན་ཕོ་བྲང་བྲག་དམར་ན་བཞུགས། དགུན་འདུན་སྒྲེགས་གྱྀ་བྱ་ཙལ་ངྔ་ཅུ་བགོ་རྟེའུ་མཀར་དུ་འདུ་སྟེ། ཅད་ཀ་བརྩྀས། སྐུན་ཀར་རྨ་ཚེ་སླར་ཐོབ་པར་ལོ་ཆིག ། ཞེས་གཏེར་ཡིག་གི་ཚིག་དུམ་དེ་དག་ལས་བཙན་པོའི་སྐབས་སུ་ས་འདིར་འདུན་མ་ཐེངས་གསུམ་ཙམ་ལ་བསྡུས་པར་བརྟག་ན། ས་འདི་ནི་བཙན་པོའི་དུས་སྐབས་སུ་མཐའ་སྲུང་དམག་གི་ལྟེ་བའི་གནས་གལ་ཆེན་ཡིན་པ་རྟོགས།
གོང་གི་དཔྱད་གཞི་དེ་དག་ལ་ལེགས་པར་བརྟག་ན་རྟེའུ་ཞེས་པའི་མིང་འདི་ནི་བརྡ་རྙིང་ལས་ལྟེ་བར་གོ་དགོས་པར་སེམས། ད་ལྟ་ཡང་རྟའུ་ཡུལ་སྐད་དུ་རུ་དམག་དང་འབྲེལ་ཡོད་ཀྱི་བརྡ་སྐད་གང་མང་ཞིག་ལྷག་ཡོད། དཔེར་ན་ད་ལྟའི་རྟའུ་རྫོང་ཁུལ་གྱི་ས་འདི་ལ་རུ་སཉིང༼སྙིང༽ ཞེས་འབོད། རུ་སྙིང་ནི་དམག་གི་ལྟེ་བར་གོ། དེ་བཞིན་རྟའུ་ཁ་སྐད་ནང་རུ་དམག་དང་འབྲེལ་བའི་ཐ་སྙད་མང་། དཔེར་ན་རྟའུ་རྫོང་གི་མཐའ་འཁོར་ན་རུ་ཤུལ་དང་སྐེ་རུ། ཞོལ་རུ། གཟབ་རུ་སོགས་ཡོད། རྒྱལ་མོ་འབྲུག་པས་བརྩམས་པའི《བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ》ནང་ཁམས་ཕྱོགས་ཀྱི་གནའ་བོའི་ཡུལ་མིང་འགའ་རེ་དཔེར་ན་ཏྲེ་བོ་དང་མདན་དང་རྟེའུ་དཀྱུས་ལྟ་བུའང་ཏུན་ཧོང་གཏེར་ཡིག་ཏུ་མཐོང་རྒྱུ་ཡོད་ཞེས་བྲིས་ཡོད། དེ་བས་རྟའུ་ཞེས་པའི་བརྡ་འདི་ནི་རྟེའུ་ལས་བརྗོད་བདེ་བའི་ཕྱིར་ཟུར་ཆགས་པ་དཔྱད་གཞི་དེ་དག་ལས་ཤེས་ཐུབ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10