སེམས་ཀྱི་ལེའུ།

གངས་སྨྱུག།        2023-07-17

ལོ་ཟླའི་སྣང་བ་འདིས་ང་རང་འདྲུད་ཀྱིན་ཡོད་ཚོད་རེད།

ནམ་རྒྱུན་དུས་འདིར་སླེབས་དུས།

ང་རང་མཚམས་སྤྲིན་ལ་ཆེ་ཆེར་གོམས་འདུག།

དེ་ནི་ཕལ་ཆེར་མི་ཚེའི་སྣང་བ་འཚོལ་སྟངས་ཤིག་ཡིན་ཞེས་བཤད་ཀྱང་ཆོག།

དྲན་སེམས་ཀྱི་འཇའ་ཚོན་ཡུན་རིང་ཞིག་ལ་མཁའ་དབྱིངས་སུ་མ་བྲིས་པས།

སེམས་ཀྱི་སྟོང་ཆ་འདི་ཡང་ཆེ་ཆེར་འགྲོ་བཞིན་འདུག།

ཡང་གཅིག་བཤད་ན།

དོན་དམ་པར་ངའི་ཚོར་སྣང་གླེང་གིན་ཡོད་དམ་དྲན་པ་འབྲི་བཞིན་ཡོད་པ་དངོས་གནས་ཤེས་ཀྱིན་མི་འདུག།

ནམ་རྒྱུན་སྟོན་མཇུག་ལ་སླེབས་དུས།

སེམས་ཀྱི་སྡིངས་ཆ་འདིའི་ངོགས་སུ།

འབྲི་འདོད་པའི་ཐ་སྙད་རལ་བོ་དག་སྔ་གཞུག་དུ་བསྟིམ་ཡོང་།

རེ་ལྟོས་ཀྱི་སླད་པའི་མིག་ཟུང་གཉོམ་པོ།

ཡང་དང་ཡང་དུ།

ཕྱི་རོལ་གྱི་འདུ་འཛིས་བསླུ་འགྲོ་བས།

ནང་སེམས་ཀྱི་རེ་སྙེག་ཟེར་བ་ཡང་སྐབས་ལ་ལར་སྟོང་འདང་ཁོ་ན་རེད།

ཕ་རོལ་གྱི་ཕ་རོལ་ཏུ་ཡོད་པའི་སྙིང་གཏམ་དག།

ད་ལོར་ཕུང་པོ་ཇི་བཞིན་དེར་མི་ལུས་ཁ་མེད་རེད།

ང་ནི།

མ་གཞི་ནས་ལམ་ཞེས་པའི་ཐ་སྙད་འདིའི་དོན་གྱི་སྙིང་པོ་འཚོལ་མཁན་ཞིག་ཡིན་ལ།

གནས་འདི་ནས།

ངས་ཀྱང་ཚོར་བའི་ཕུང་བོ་གཞན་ཞིག་ལ་བློས་བསླང་བྱ་ཅི་མི་ཆོག།

སྙན་ངག་དང་སྒྱུ་རྩལ་ཁོ་ན་གླེང་བའི་དུས་ཡུན་འདིར།

སེམས་ཀྱི་རལ་གྲི་འདིའི་ངོགས་སུ།

ང་ལ་མཁོ་བ་ནི་ཚོར་འདུ་རྐྱང་རྐྱང་རེད།

དྲན་སེམས་ཀྱི་རྒྱུད་སྐུད་ལ་དབྱངས་ཀྱི་གཤོག་པ་ཐོགས་ཉིན།

ངས་ད་གཟོད་འཇིག་རྟེན་གྱི་གནས་མལ་འདི་དག་ལ་བསམ་གཞིག་

ཐེངས་ཤིག་བྱ་བའི་ཀུན་སློང་རྙེད་ཡོང་།

ཡིད་སེམས་རྒྱང་ལ་འདྲུད་མཁན་གྱི་ཚིག་འབྲུ་འདི་དག་ནི།

ད་གཟོད་རང་ཉིད་ངོ་མ་རྟོགས་མཁན་དེ་ཡིན་ཚོད་རེད།

དེར་བརྟེན།

ངའི་སྙན་ངག་དང་སེམས་ཁམས་ཀྱི་ཕྱི་ནང་།

ཡིག་ཚོགས་འདི་དག་གི་མངོན་པར་སྟོན་གྱིན་ཡོད་ཅེས་གླེང་ཆོག་ཆོག་རེད།

  • ལེ་ཚན་སྔོན་མ།:འཚོ་བའི་རྐང་པ་སྒྲོག་ཏུ་ཚུད།
  • ལེ་ཚན་རྗེས་མ།:ཡོད་ཚད་ལས་ཀྱི་བསྐོས་ཐང་།