ཞེ་རྩ་སྨྲེང་བའི་སྟོན་མཇུག།

གྱིན་འདའ་བ།        2023-07-13

དབེན་ཐིང་ཐིང་ཡིན་པའི་རི་སུལ་གྱི་ཞོལ་ནས།།

བྱ་བྱེའུའི་མགྲིན་དབྱངས་ཐོས་འཛིན་དུ་ལྷུང་ཞིང་།།

ཆུ་ཏིག་ཏིག་ཐིགས་སྒྲ་ཁོལ་མ་ནས་གཟན་པས།།

འཁྱག་ལྷང་ལྷང་ཡིན་པའི་ཚོར་བ་ཞིག་བསླངས་སོང་།།

སྤྲིན་ཐར་ཐོར་ཙག་གི་གཤེད་ཁ་རུ་གྱུར་ཅིང་།།

ལམ་གྱ་གྱུའི་འཁྲིས་ཀྱི་འདབ་རྙིད་དག་མཐོང་བས།།

གཞིས་ཆུང་ཆུང་ནང་དུ་རྒྱལ་སྲས་བཞིན་རོལ་ཡང་།།

ཁོག་འདར་འདར་བར་ནས་དངན་པ་ཞིག་ཤོར་སོང་།།

སྨུག་གྱ་གྱུར་གཡོ་བའི་ན་བུན་གྱི་གསེབ་ནས།།

འོད་མག་མོག་འཚེར་བའི་དྲོད་ཁོལ་དེ་རེག་ཀྱང་།།

རླུང་བསིལ་བསིལ་རྫི་ཡི་རེག་བྱ་དེ་མྱོང་ཚེ།།

གྲང་ཅང་ཅང་ཕོག་པས་ཁོག་འདར་ཞིག་ཤོར་སོང་།།

རི་ལ་ལུང་སྟོན་ཁའི་གསེར་ཞུན་གྱིས་གཞགས་ཏེ།།

ཆར་ཟམ་ཟིམ་མུ་ཏིག་རྩྭ་ལྗང་གིས་སྤུད་དུས།།

སྤྲིན་ལང་ལོང་འདུ་འགོད་བྱང་རླུང་གིས་བདས་པས།།

སེམས་བྱུལ་བྱུལ་འདོད་པའི་སྣང་བ་ཞིག་སྐྱེས་སོང་།།

རྫ་རོག་རོག་རྩེ་མོར་སྨུག་ཆར་གྱིས་བསིང་ཞིང་།།

ལམ་འཁྱག་འཁྱོག་སྣེ་མོར་ན་བུན་གྱིས་དཀྲིགས་དུས།།

ཆུ་ག་གུག་ཁུགས་སོར་ཆར་ཟིལ་གྱིས་སྦངས་པས།།

སྐྱོ་སང་སང་ཡིན་པའི་ཤུགས་རིང་ཞིག་ཤོར་སོང་།།

སེམས་དམར་དམར་འཁྲེང་སའི་དབྱར་གསུམ་གྱི་ཁུ་ལོ།།

ཞེ་མཐུན་མཐུན་ཡིན་རུང་སྟོན་ཟླ་ཡི་བུ་མོས།།

དུས་ཚབ་ཚུབ་ངང་ནས་གྲང་ལྷགས་ཀྱིས་བྲིད་པས།།

ཞེ་སྨྲེང་སྨྲེང་ཡིན་པས་གངས་ཆར་གྱིས་གཙེས་སོང་།།

མདོག་སེར་སེར་ཡིན་པའི་སྟོན་གཞུང་གི་འདབ་ལོ།།

ཕྱོགས་ངེས་ངེས་མེད་པར་བྱང་རླུང་གིས་བདས་དུས།།

སེམས་གཅོང་གཅོང་ཡིན་པའི་ཕོ་རེང་གི་དྲན་པར།།

ཚེ་བརྟན་བརྟན་མེད་པའི་ཉམས་སྣང་ཞིག་སྟེར་སོང་།།



  • ལེ་ཚན་སྔོན་མ།:རྣམ་དག་ཚེ་ལ་བྲིས་པའི་ཡིག་ཆུང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།