རྣམ་དག་ཚེ་ལ་བྲིས་པའི་ཡིག་ཆུང་།

མདའ་ཅང་ཤེས།        2023-07-11

ཞེན་ཆགས་སྟོན་གྱི་རླུང་བུ་ལྡང་བྱུང་ངོ་།།

དྲན་གདུང་ལོ་མའི་འཚུབ་སྐོར་བརྒྱབ་སོང་ངོ་།།

མི་མངོན་ཡིད་ཀྱི་དར་དཀར་འཐེན་པ་ཡིས།།

བརྩེ་བའི་ཁ་ཞེང་གནམ་སའི་མཚམས་སུ་ཡལ།།

ལོ་ཟླའི་རྨི་ལམ་རྙིང་ཐབས་མེད་ནའང་།།

གཞོན་པའི་དུངས་སེམས་ཆོད་ཐབས་མི་འདུག་ཀྱང་།།

ཚེ་གཅིག་ལས་ཀྱི་བསྐོས་ཐང་ཕྲ་མོ་འདི།།

ཁྱེད་ཀྱིས་དོར་ན་ང་ལ་ཕངས་སེམས་མེད།།

རི་ཆུ་གྲངས་མེད་གཤགས་པའི་ཕ་མཐའ་ན།།

སྐྱོ་བའི་མཆི་མ་བསིལ་བའི་སྙན་ངག་པ།།

ཚིག་གི་དབྱངས་རྟ་བསྡེབས་པའི་བར་གསེང་ནས།།

ཁྱོད་ལ་བསྒུགས་ནས་ཅི་ཙམ་འགོར་བ་བརྗེད།།

མི་འགྱུར་ལས་ཀྱི་དར་ལྕོག་རླུང་གིས་ཟད།།

མ་བྲིས་སེམས་ཀྱིས་ཡིག་ཆུང་མཆི་མས་སྦགས།།

མཚོ་ཁ་སྟོང་པ་ཞིག་གི་མཐའ་འཁོར་ནས།།

ང་རང་འདི་ལྟར་ལུས་ཏེ་ཡུན་རིང་འགོར།།

དམ་ཚིག་ཤེལ་གྱི་མེ་ལོང་ཆག་ཤུལ་ན།།

ཞེ་འདང་དར་གྱི་མདུད་པ་ཞིག་ཤུལ་ན།།

སྐྲ་ལོ་རླུང་ལ་བསྐུར་བའི་དན་རྟགས་སུ།།

དོག་མོ་གངས་ཀྱི་རི་བོ་བསྙིལ་ཐབས་མེད།།

ཕར་ལ་ལྟ་དུས་ཕ་ཡུལ་སྤྲིན་པས་གཡོགས།།

ཚུར་ལ་ཅེར་དུས་ནང་སེམས་སྟོང་པས་བཀང་།།

བར་གྱི་མུན་པའི་སྒེའུ་ཆུང་གྲུ་བཞི་ན།།

ང་ཡི་རྣམ་དག་འོད་ཀྱི་ཡིག་ཆུང་གསལ།།

ཕྱི་ནང་ཅི་ཡང་རྒུད་པའི་མཐའ་རུ་ཐུག།

ལུས་སེམས་གང་ཡང་བར་ཆད་རྐྱེན་གྱིས་འཚེ།།

ཞེན་ཆགས་ཕ་བོང་བསྒུལ་ཐབས་མེད་ནའང་།།

བདག་གི་ལས་ཀྱིས་ལྕོགས་ཐབས་མི་འདུག་ཨང་།།

ད་ནི་དྲན་པ་འཁུར་བའི་ཕ་ཡུལ་ན།།

གློ་ཁའི་རྒྱབ་གཟུགས་རེས་འཆར་རེས་ནུབ་བྱེད།།

མི་རྟག་བློ་ཡི་ན་བུན་རི་ལ་དཀྲིས།།

མི་སེམས་ཤིང་གི་རྟེན་ཕུར་ཆག་ལ་ཐུག།

ཚེ་གཅིག་ཚེ་ལ་བསྲུངས་པའི་མདུད་པ་ཡི།།

ན་ཆུང་ཚིག་གིས་བསྐྱོར་བའི་རྨི་ལམ་འདི།།

རྣམ་དག་ཡིག་ཆུང་གསལ་བའི་ཐོད་ངོས་སུ།།

ལྷ་ཁང་ལོགས་རིས་བཞིན་དུ་འབྲི་མ་ཐུབ།།

འགྱོད་པའི་གདུང་བ་བདག་ལ་མེད་དམ་ཅི།།

སྣང་བའི་ཁ་ཚིག་སེམས་ལ་མི་འདེགས་ཅི།།

ཡིན་ཡང་གཞན་ལ་ཞོགས་པའི་ཕྱི་མིག་ལ།།

ང་རང་ར་མདར་རྒྱུག་པའི་ཞེ་མ་ཡོད།



  • ལེ་ཚན་སྔོན་མ།:ཨ་མ་གངས་རིའི་སྒྲོལ་མ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།