ཇ་ཞོར་གྱི་དྲན་སྣང་།

འཆིང་གྲོལ།        2023-07-05

ལྗང་སྔོན་སྡོང་ལོའི་དབུ་རྩེའི།།

མགྲིན་བཟང་ཡིད་འོང་བྱེའུ་ཆུང་།།

སེམས་པ་གསོ་བའི་གླུ་དབྱངས།།

ཁེར་རྐྱང་བུ་ལ་བཏང་བྱུང་།།

བུ་མོའི་བཞིན་ལ་ཆགས་རྗེས།།

ཐུན་གསུམ་རྨི་ལམ་ནང་དུ།།

ཡིད་མཐུན་བརྩེ་བའི་ཡིག་ཆུང་།།

གནམ་སའི་གཞུང་ནས་བསྐུར་བྱུང་།།

དབུས་གཙང་མ་སྐྱེས་ལྷ་མོ།།

སྙན་ངག་བྲིས་པའི་འཆིང་གྲོལ།།

ལས་འཕྲོའི་ཞེན་ཆགས་བརྟན་པས།།

བརྩེ་དུང་སེམས་བསྐྱེད་སྨིན་ཆོག།

འཁོར་བ་འཇིག་རྒྱུ་མེད་ཅིང་།།

ང་ལ་རྒ་རྒྱུ་མེད་ན།།

སེམས་པ་ཆོས་ལ་འཁོར་ནས།།

ཐུག་ཁྲལ་བྱེད་དོན་མི་འདུག།

བར་སྣང་ཟླ་བ་ཁེར་འགྲོ།།

དབེན་པའི་ཁེར་འདུག་ང་རང་།

གྲོགས་མེད་གཅིག་པུ་ཡིན་པས།།

གཞན་ལ་སེམས་ཁྲལ་མི་དགོས།།

དྲན་པའི་སྙིང་གཏམ་ཚིག་གསུམ།།

གཙང་པོའི་རྒྱུན་ལ་བཤད་ཀྱང་།།

སེམས་ཤོར་བུ་མོའི་སྙན་ལ།།

ནམ་ཡང་ཤོད་ཐབས་མི་འདུག།

ཁུ་བྱུག་ངག་སྙན་བསྒྲགས་པ།།

ཚང་ཚིང་མཛེས་པས་ལན་རེད།།

ཁྱུང་ཁྲུང་བྱང་ནས་བསླེབས་པ།།

གཙང་པོ་དྭངས་པས་རྐྱེན་རེད།།

ང་དང་མཁའ་ཡི་ཉི་མ།།

འགྲོགས་ཡུན་རིང་ཡང་གྱེས་སོང་།།

ཐུན་མཚམས་གནམ་འདེགས་འོག་ན།།

ཉི་མའི་ཟུར་མིག་ལྷག་བྱུང་།།

མེ་ཏོག་སྒང་བུ་ཉུལ་བའི།།

སྦྲང་རྩིའི་བརྟུལ་ཞུགས་དབང་པོ།།

ཁ་བའི་དུས་ཆེན་བསླེབས་དུས།།

རྣམ་ཤེས་གཞན་ཡུལ་གཤེགས་སོང་།།



  • ལེ་ཚན་སྔོན་མ།:དབྱངས་གསལ་སོ་བཞིའི་རང་བཞིན་ལ་བསྟོད་པ་གསེར་ གྱི་གའུའི་མདངས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།