སྙན་ཚིག་པདྨའི་གྲིབ་བསིལ།

ཁམས་པ་རབ་དབྱངས།        2023-06-30

ཚིག་གི་འཇའ་གུར་རེས་མོ། །

སྣང་བའི་མགུར་ལ་བྲིས་པ། །

སོར་རྩེའི་རྣམ་རྟོག་འགྱུ་བ། །

ཐ་སྙད་མཛེས་ལ་དཀྲོལ་བ། །

ངག་རིག་དབྱངས་ཀྱི་མགྲིན་སོ། །

རབ་བྱེད་དོན་ལ་བཏགས་པ། །

སྙན་པའི་རྦ་རླབས་འཕྱོ་སྒེག།

མགུར་མའི་ངག་ལ་འཁྲོལ་བ། །

རིག་བྱེད་འཕྲུལ་བའི་དབྱངས་དག།

ལྷོད་ཀྱི་ཡིད་ལ་འབབ་ཚེ། །

ཚོར་འདུ་སྣང་བ་མག་མོག །

སྨུག་པའི་ན་བུན་འཁྲིགས་སོང་། །

ནང་སེམས་གཤིས་ཀྱི་བསླུས་པའི།།

ཚོར་བའི་ཉམས་རྟོགས་འཁྱིལ་བ།།

དབེན་པའི་རི་སུལ་དཀྱིལ་ནས། །

ངེས་འབྱུང་རླུང་བུ་སིལ་སིལ། །

ཉི་མའི་མདངས་སུ་མངོན་པ། །

འོད་གསལ་སྟོང་བའི་འཆར་སྒོ། །

སེམས་ཉིད་ན་བུན་འཁྱིལ་འཁྱིལ།།

ཚོར་བའི་མེ་དྲོད་འབར་འབར། །

ཡིད་བྱེད་སྣང་བ་ལང་ལོང་། །

མགུར་མའི་དབྱངས་ལ་སྡེབ་པ། །

སྟོང་པའི་འཆར་སྣང་ངོས་ལ། །

སྒྱུ་མའི་ཟླ་བ་འཛུམ་པ། །

ངག་རིག་གཤིས་ཀྱི་གཉུག་མ། །

དབྱངས་ཀྱི་བསྟར་ལ་བརྒྱུས་པ། །

ཚིག་ལ་མདུད་པའི་དབྱངས་རྟ། །

སྣང་བའི་ཉམས་ལ་གསོན་དང་། །

ཤུགས་འབྱུང་ངག་གི་རོལ་མོ། །

རིག་བྱེད་ངག་ལ་སྡེབ་པ། །

སྙན་ཚིག་ཀུ་མུད་བཞད་པ། །

དགོད་པའི་མཚར་སྡུག་མངོན་པ།།

ཚིག་གི་དྲི་ངད་འཐོར་རྗེས། །

སོར་རྩེའི་སྒྱུ་འཕྲུལ་འདྲེན་པ། །

སྙན་ངག་འཕྲུལ་བའི་དབྱངས་དག།

རོལ་རྩེད་བསྟར་ལ་བརྒྱུས་སོང་། །

རྒྱུད་མངས་འཁྲིལ་བའི་རོལ་མོ། །

དབྱངས་ལ་ཉེར་བར་སོམ་དང་། །

པདྨའི་གྲིབ་བསིལ་འོག་ཏུ། །

ཁྱོད་སྐུ་མཛེས་པར་བལྟ་བ། །

དལ་གྱིས་གཡོ་བའི་སྤྱན་རས། །

ཚུར་ལ་གཟིགས་པ་གནང་དང་། །

སེམས་ཀྱི་མཛའ་བ་ཁྱོད་ཉིད། །

ཡིད་བྱེད་ཚིག་གིས་འདྲེན་པ། །

ཉམས་རྟོག་གླུ་ཡིས་དེད་པ། །

བརྩེ་བའི་བྱམས་ཆེན་ཁྱོད་ཉིད། །

སྙིང་རྗེའི་མུ་ཏིག་འཐོར་བ། །

རིག་འཛིན་ཞི་བའི་བརྡ་སྐུལ། །

ཡོན་ཏན་མཛོད་ཀྱི་ཟེགས་མ། །

ཐོས་པའི་ཟབ་གསང་རིང་མོ། །

ངག་རིག་རྒྱུ་བའི་མཆོག་མ། །

སྙན་ཚིག་མུ་ཏིག་བྱེ་བ། །

དབྱངས་ཀྱི་གདངས་ལ་བཏེགས་པ།།

མེ་ཏོག་རྒྱས་པའི་མཆོག་ཉིད། །

རེག་ན་བདེ་བ་སྟེར་བ། །

ཡིད་པ་མངོན་པ་བྱུང་ན། །

ལས་སྨོན་རྟེན་འབྲེལ་འཆར་བ། །

གཞི་དབྱིངས་སྤྲོས་པ་འདི་དག །

སྐྱེ་མེད་རིག་སྟོང་ལྷ་མོ། །

རྟོག་ཚོགས་རང་སར་གྲོལ་ན། །

དག་པའི་ཉམས་སྣང་རྩེན་པ། །

རྡུལ་བྲལ་སྟོང་བའི་དབྱངས་འདི།།

ཡངས་ཤིང་བསིལ་ངད་ལྡན་པ། །

བརྒྱད་ཟུང་ལང་ཚོ་སྒེག་པ། །

ལྟ་བས་ཡིད་ལ་འཕྲོག་སོང་། །

མཁྱེན་པའི་ཟླ་ཤེལ་དྭངས་མ། །

ཐུགས་རྗེའི་ལྷ་ལམ་རྩེན་པ། །

ངག་གི་སྒྲ་དབྱངས་རིང་མོ། །

སྒྲ་འཛིན་དབང་པོའི་བཅུད་ཡིན།།

ཉིན་བྱེད་འཆར་ཀའི་མདངས་ལ།།

ཐུགས་རྗེའི་འོད་ཆབ་འཐོར་བ། །

ངག་རིག་རྒྱུ་བའི་མཚར་སྡུག །

ལེགས་བྱས་དགེ་བའི་ཆར་ཡིན། །

ཟླ་བའི་ཟིལ་ཐིགས་ཕོག་རྗེས། །

འཛུམ་པའི་ཞལ་སྒོ་ཕྱེས་སོང་། །

གདོང་བཞི་པདྨའི་མཚན་མ། །

ཡིད་ལ་རིང་དུ་གནས་ཤོག



  • ལེ་ཚན་སྔོན་མ།:རྟ་ཐོག་གི་མགུར།
  • ལེ་ཚན་རྗེས་མ།:གཟུགས་ཀྱི་ལྷ་མོ།