དོ་ནུབ།

ཁྱུང་གཤོག།        2023-06-26

ང་ལ་ཟླ་འོད་ཀྱི་བསིལ་གྲིབ་མི་དགོས།

བསིལ་འཇམ་གྱིས་ལྡང་པའི་རླུང་བུ་ཡོད་པས་ཆོག།

སྟོང་ལོ་ཉེར་གཉིས་པའི་སྟོན་ཟླ་འདིའི་མཚན་མོ་འདིར།

ངའི་ལམ་གྲོགས་ནི། གཟུགས་མེད་ཀྱིས་རྒྱུ་བའི་མུན་པ།

ངའི་དྲན་པ་བསྐོང་ས། ཁུ་སིམ་ལ་གཡེང་བའི་ཚེས་རིས་ཀྱི་ཟླ་བ།

ལམ་འགྲམ་དུ་ཚིང་པའི་རྩྭ་ལོ་དེ་དག།

ཚེ་སྲོག་གི་རྒྱུ་བ་ཆད་མ་མཐུད་ཀྱིས།

བདག་གི་རྐང་རྗེས་རེ་རེ་ལ།

སྐྱེ་བ་གཅིག་གི་དམ་ཚིག་འབྲི།

ཡུན་རིང་མ་ཐོས་པའི་གླུ་སྐད་ཅིག།

མུན་པའི་རླབས་ངོགས་ནས་མཆེད་དེ་འོང་།

མཆེད་ཚུལ་དེས། ནང་སེམས་ཀྱི་བུ་ག་རེ་རེར།

དྲན་གདུང་གི་རྒྱང་རིང་ཞིག་ཁྲིད་དེ་འོང་།

དུས་ཚོད་གང་རུང་ཞིག་ལ།

བདག་གི་བར་སྣང་ནས་ཡལ་སོང་བའི་

དུས་ཀྱི་ཉི་འོད། བག་ཡངས་ཀྱི་སྤྲིན་པ།

ལྷིང་འཇགས་ཀྱི་རོལ་དབྱངས། ཁེར་རྐྱང་གི་དབུགས་རྒྱུན།

དོ་ནུབ་ཀྱི་དོ་ནུབ། བདག་གིས་ཡང་ཡང་དྲན།

འདུ་འཛིའི་རླབས་རྒྱུན་འཇགས་ཐབས་མེད་པའི་སྡེ་

གྲོང་འདིའི་སྣེ་མཐའ་ཞིག་ནས།

ཧ་ཅང་ཁེར་རྐྱང་གི་དོ་ནུབ།

མཚན་མོའི་མཛེས་པ་ཡོད་ཚད་རྨུ་ཐག་གཅིག་ལ་བརྒྱུས།

གདུང་བའི་ན་ཟུག་ཐམས་ཅད་མུན་པའི་གཞོང་ལ་བསྐྱུར།

དྲན་ཤེས་ཀྱི་སྒོ་མོ་ཡོངས་སུ་གཏན།

དེའི་རྗེས་སུ།

འགོ་མཇུག་ལྡོག་མེད་པའི་རྨི་ལམ་ཞིག་གི་གསང་བ་ཡོད་པར་སྨོན།

  • ལེ་ཚན་སྔོན་མ།:ཟིལ་གནོན་དབྱངས་ཀྱི་ཌཱ་ཀི་མ།
  • ལེ་ཚན་རྗེས་མ།:བརྒྱད་ཅུ་སྟོན་པ་དྲན་སོང་།