ལྷག་བ་ཆུ་གློག་ས་ཚུགས་ཆེན་མོའི་ཆུ་རགས་བསྐྲུན་འགོ་བཙུགས།

ཨོ་རྒྱན་དང་བདེ་ཆེན་གྱིས་བསྒྱུར།        2023-06-25

   ཉེ་ཆར། ལྷག་བ་ཆུ་གློག་ས་ཚུགས་ཀྱི་ཆུ་རགས་བསྐྲུན་པའི་མཛད་སྒོར་ཧྭ་གློག་འབྲི་ཆུ་སྟོད་རྒྱུད་ཀྱི་ལྷག་བ་འགན་འཁུར་མི་སྣས་ཆུ་རགས་བསྐྲུན་འགོ་ཚུགས་པ་ཁྱབ་བསྒྲགས་བྱས་རྗེས་རླངས་འཁོར་ཐོག་མ་དེས་ས་རྡོ་རླངས་འཁོར་གང་ཆུ་རགས་སུ་བླུགས་ནས་ཀྲུང་གོའི་ཧྭ་གློག་འབྲི་ཆུ་སྟོད་རྒྱུད་ཀྱི་ལྷག་བ་ཆུ་གློག་ས་ཚུགས་དངོས་སུ་སྐྲུན་འགོ་བཙུགས། དེ་ནི་འཛམ་གླིང་རིམ་པའི་ཆུ་གློག་ལས་གཞིའི་ཆུ་རགས་ལས་གྲྭ་དེ་ཆུ་རགས་རྨང་གདན་རྐོ་བའི་ཐོག་ཁྱོན་ཡོངས་ནས་སྐོང་སྐྲུན་བྱེད་པའི་དུས་རིམ་དུ་སླེབས་པ་མཚོན་པ་རེད།

ལྷག་བ་ཆུ་གློག་ས་ཚུགས་ཆེན་མོའི་ཆུ་རགས་བསྐྲུན་འགོ་བཙུགས།

     ལྷག་བ་ཆུ་གློག་ས་ཚུགས་ནི་རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་འགོད་བཅུ་བཞི་པ”ཡི་ནུས་རྒྱུ་གཙང་མའི་རྟེན་གཞི་གཙོ་བོ་སྟེ་འབྲི་ཆུ་སྟོད་རྒྱུད་ཀྱི་ཁྲོན་བོད་ས་མཚམས་ཀྱི་རྒྱལ་ཁབ་ཀྱི་གཙང་བོའི་མཛེས་ལྗོངས་གཞི་གཅིག་ཅན་གྱི་དཔེ་སྟོན་རྟེན་གཞིའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། རང་ཁུལ་འབའ་ཐང་རྫོང་དང་བོད་ལྗོངས་སྨར་ཁམས་རྫོང་གི་ས་ཁོངས་སུ་གནས་ཡོད་ཅིང་། གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་སྟོང་ཝ་ཁྲི200ལ་ཟིན། ལོ་མང་རིང་ཆ་སྙོམས་གློག་གཏོང་ཚད་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར90.89ལ་ཟིན་པས། 2019ལོའི་ཟླ་བ་དང་པོར་རྒྱལ་ཁབ་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ལྷན་གྱི་ཞིབ་བཤེར་ཆོག་མཆན་ཐོབ་པ་དང་། 2021ལོའི་ཟླ་བ11པར་གཙང་བོའི་བཞུར་རྒྱུན་བཀག། 2026ལོའི་ལོ་མཇུག་ཏུ་འཕྲུལ་ཚན་དང་པོ་ནས་གློག་གཏོང་རྩིས་ཡོད། ཆུ་གློག་ས་ཚུགས་བསྐྲུན་ཚར་རྗེས་ལོ་རེར་ཚད་ལྡན་རྡོ་སོལ་ཏུན་ཁྲི282ཉུང་དུ་གཏང་རྒྱུ་དང་། དབྱང་གཉིས་ཐཱན་རྫས་ཕྱིར་འབུད་བྱེད་ཚད་ཏུན་ཁྲི685ཉུང་དུ་ཕྱིན་རྒྱུ་རེད།

ལྷག་བ་ཆུ་གློག་ས་ཚུགས་ཆེན་མོའི་ཆུ་རགས་བསྐྲུན་འགོ་བཙུགས།

     ཧྭ་གློག་འབྲི་ཆུ་སྟོད་རྒྱུད་འབའ་ཐང་སྤྱི་གཉེར་ཁང༼ལྷག་བ་ཡན་ལག་སྤྱི་གཉེར་ཁང༽ལས་གཞིའི་ལག་རྩལ་པུའུ་ཡི་ཀྲུའུ་རེན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ལྷག་བ་ཆུ་གློག་ས་ཚུགས་ནི་ཆུ་བོ་བཞུར་ལམ་བཀོད་སྒྲིག་བྱས་པའི་ཨར་འདམ་གྱི་ཆུ་རགས་ཡིན་ལ། སྤྱི་འབོར་སྨི་ཁྲི1700ཙམ་དང་། རགས་སྟེང་གི་མཐོ་ཚད་སྨི2709ཟིན། ཆུ་རགས་མཐོ་ཤོས་སྨི239ཟིན། ཆུ་རགས་མཐོ་བ་དང་ས་འགུལ་འགོག་སྲུང་རིགས་ཀྱི་ཆུ་རགས་འཛམ་གླིང་གི་ཨང་དང་པོར་གྱུར་ཡོད། རྗེས་མཐུད་ཀྱི་ཆུ་རགས་སྤུས་ཚད་འགན་ལེན་བྱ་ཆེད། ལྷག་བ་ཡན་ལག་སྤྱི་གཉེར་ཁང་གིས་རྒྱལ་ནང་གི་མཐོ་སློབ་གྲགས་ཅན་དང་མཉམ་འབྲེལ་བྱས་ནས་ལྷག་བ་ཆུ་གློག་ས་ཚུགས་ཀྱི་རིག་ནུས་ཆུ་རགས་མ་ལག་བསྐྲུན་པ་དང་། ཆུ་རགས་སྐྲུན་པའི་བརྒྱུད་རིམ་རིག་ནུས་ཤེས་ཚོར་དང་། དབྱེ་ཞིབ། ལྡོག་འདྲེན་ཚོད་འཛིན། རིག་ནུས་ཁ་ལོ་བ་མེད་པའི་འཕྲུལ་འཁོར་ཚོགས་པའི་མཉམ་ལས་ལས་དོན་བཅས་མངོན་འགྱུར་བྱས་ནས་ཆུ་རགས་བསྐྲུན་རྒྱུ་དེ་ཨང་ཀི་ཅན་ནས་རིག་ནུས་ཅན་དུ་མཆོང་སྐྱོད་ཐུབ་པ་དང་དུས་རབས་གསར་པའི་ཆུ་བེད་ཆུ་གློག་ལས་གྲྭ་འཛུགས་སྐྲུན་གྱི་རིག་ནུས་ཅན་གྱི་ཁ་ཕྱོགས་གསར་པ་གཏོད་རྒྱུ་དང་སྣེ་ཁྲིད་བྱ་རྒྱུ་རེད།

ལྷག་བ་ཆུ་གློག་ས་ཚུགས་ཆེན་མོའི་ཆུ་རགས་བསྐྲུན་འགོ་བཙུགས།

      “ཆུ་གློག་ས་ཚུགས་ཀྱི་ཆུ་རགས་ཁུལ་གྱི་ཆུ་ལམ་དུ་སྨི70ལྷག་གི་རྨང་གདན་བང་རིམ་སྙི་མོ་ཡོད་པའི་ནང་སྨི50ལྷག་ནི་འཁྱིལ་མཚོའི་ངོགས་ཀྱི་འདམ་རྡོའི་རིམ་པ་ཡིན་པས་ང་ཚོས་རྒྱུན་དུ་བཤད་པའི་འདམ་རྫབ་ཡིན། དེར་ཆུ་རགས་ཀྱི་ཆུ་བཀག་གློག་ཁང་བསྐྲུན་རྒྱུ་ནི་ཧ་ཅང་དཀའ་མོ་ཞིག་ཡིན། ཧྭ་གློག་འབྲི་ཆུ་སྟོད་རྒྱུད་ཀྱི་འབའ་ཐང་སྤྱི་གཉེར་ཁང(ལྷག་བ་ཡན་ལག་སྤྱི་གཉེར་ཁང)གི་སྤྱི་ཁྱབ་ལག་རྩལ་ཆེན་མོ་བས་ངོ་སྤྲོད་བྱས་པར་གཞིགས་ན། ཧྭ་གློག་འབྲི་ཆུ་སྟོད་རྒྱུད་ཀྱི་སྤྱི་གཉེར་ཁང་གིས་ཡོན་རབས་པ་དང་མཉམ་འབྲེལ་ཐོག་ཚན་རྩལ་འགག་སྒྲོལ་བྱས་ནས་ཆུ་རགས་ཀྱི་རྩིག་རྨང་བརྟན་དུ་ཐེངས་དང་པོ་བཏང་སྟེ་འཛམ་གླིང་དུ་གཏིང་ཟབ་ཤོས་དང་གཞི་ཁྱོན་ཆེ་ཤོས་ཀྱི་ཆུ་རགས་སུ་གྱུར་པ་རེད།

ལྷག་བ་ཆུ་གློག་ས་ཚུགས་ཆེན་མོའི་ཆུ་རགས་བསྐྲུན་འགོ་བཙུགས།

     ཤེས་རྟོགས་བྱུང་བར་གཞིགས་ན། ཧྭ་གློག་འབྲི་ཆུ་སྟོད་རྒྱུད་སྤྱི་གཉེར་ཁང་གིས་རྟེན་གཞིའི་རྣམ་པ་དང་གཞི་ཁྱོན་ཅན་གྱི་བསམ་ཕྱོགས་ལ་བརྟེན་ནས་འབྲི་ཆུའི་སྟོད་རྒྱུད་དང་ཁྲོན་བོད་ས་མཚམས་ཀྱི་དྭངས་གཙང་ནུས་རྒྱུའི་ཐོན་ཁུངས་གསར་སྤེལ་མགྱོགས་སུ་གཏོང་བཞིན་ཡོད་པ་དང་། མ་འོངས་པར་སྤྱིའི་གཞི་ཁྱོན་སྟོང་ཝ་ཁྲི5000ནས་ཁྲི8000བར་གྱི་སྤྱིའི་འཆར་འགོད་ཅིག་ཆགས་ནས་མིག་སྔར་ཐོན་སྐྱེད་བྱེད་འགོ་བཙུགས་ཏེ་སྐྲུན་བཞིན་ཡོད། ལས་གཞི་ཁྱོན་ཡོངས་ནས་བསྐྲུན་རྗེས། ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་དོན་སྙིང་གལ་ཆེན་ལྡན་ཡོད།།


  • ལེ་ཚན་སྔོན་མ།:དཀར་མཛེས་རྫོང་གིས་ནས་ཐོན་ལས་འཕེལ་རྒྱས་བཏང་ནས་ཞིང་པའི་ཡོང་འབབ་འཕར་ཐབས་བྱས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།