གསེར་རྟ་རྫོང་གིས་ཝུན་ཅང་གི་རོགས་སྐྲུན་ལས་གཞི་སྐྲུན་ཤུགས་ཆེ་རུ་བཏང་།

ཀུན་དགས་བསྒྱུར།        2023-06-21

གསེར་རྟ་རྫོང་གིས་ཝུན་ཅང་གི་རོགས་སྐྲུན་ལས་གཞི་སྐྲུན་ཤུགས་ཆེ་རུ་བཏང་།
ཝུན་ཅང་གིས་རོགས་སྐྲུན་བྱས་པའི་གསེར་རྟ་རྫོང་ཤེལ་གྲུབ་ཡུལ་ཤོག་དེང་རབས་ཞིང་ལས་དཔེ་སྟོན་རྟེན་གཞི།

རོགས་སྐྲུན་ལས་གཞི་ནི་ཁ་གཏད་རོགས་སྐྱོར་གྱི་རྨང་རྡོ་ལྟ་བུ་ཞིག་ཡིན་ལ་གསེར་རྟ་རྫོང་གི་ཡུལ་སྡེ་དར་རྒྱས་གཏོང་བར་ཁྱོན་ཡོངས་ནས་རོགས་བྱེད་པའི་སྒུལ་ཤུགས་གལ་ཆེན་གྱི་གྲས་ཤིག་ཀྱང་ཡིན། འདི་ལོ་ནས་བཟུང་ཝུན་ཅང་ཆུས་ཀྱི་ཁ་གཏད་རོགས་སྐྱོར་ལས་དོན་རུ་ཁག་ཁག་དྲུག་པས་ལས་གཞི་ཨང་དང་པོར་འཇོག་པའི་འདུ་ཤེས་བཅངས་ནས་ཤུགས་ཡོད་རྒུས་འཕེལ་རིམ་ལམ་བུ་བཏོད་དེ་ལས་གཞི་མྱུར་སྒྲུབ་ཐུབ་ཡོད།

ཉིན་ཤས་བསྟུད་མར་གནམ་གཤིས་དྲོ་རུ་ཕྱིན་པ་དང་བསྟུན་ནས་ཞིང་ལས་ཐོན་སྐྱེད་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད། གསེར་རྟ་རྫོང་གི་རྒྱ་བོད་ལུགས་སྨན་རྒྱུ་འདེབས་འཛུགས་དཔེ་སྟོན་རྟེན་གཞིའི་ལས་གཞི་དང་ཐོན་འབབ་མཐོ་བའི་གཟན་རྩྭ་རྟེན་གཞིའི་ཡུལ་དངོས་སུ་འབྲོག་པ་ཚོས་ཞིང་ནང་དུ་ལུད་རྒྱག་པ་དང་འདེབས་འཛུགས་སོགས་ལས་ལ་བྲེལ་པའི་རྣམ་པ་མངོན་ཡོད། ད་སྔའི་བར་རྒྱ་བོད་ལུགས་གསོ་རིག་གི་སྨན་རྒྱུ་འདེབས་འཛུགས་དཔེ་སྟོན་རྟེན་གཞིར་ཐང་ཕྲོམ་འདེབས་ཁྱོན་མུའུ2300ལ་ཟིན་པ་དང་། གཟན་རྩྭའི་རྟེན་གཞིར་ས་ཞིང་མུའུ8000ལེགས་པར་བསྒྲིགས་པ་དང་ལྕགས་ར་མུའུ2000བསྐོར་ཡོད།

ལས་གཞིའི་འགན་འཁུར་བས་ཐང་ཕྲོམ་ནི་དཔལ་འབྱོར་གྱི་རིན་ཐང་དང་སྐྱེ་ཁམས་ཀྱི་རིན་ཐང་ཅུང་མཐོ་བའི་ཁྱད་ཆོས་ལྡན་པའི་རྒྱ་བོད་ལུགས་ཀྱི་སྨན་རྒྱུ་ཞིག་ཡིན།ཐང་རྒོད་དང་།ཨ་བྲའི་གནོད་འཚེ་ཁུལ་བཅས་སུ་འདེབས་ནའང་འཚམ་པོ་ཡོད། ད་སྔའི་ས་ཞིང་མུའུ2300དེ་དག་གི་ས་དབྱིབས་རང་རོང་དང་ས་རྒྱུ་ཞན་པས། དེ་སྔ་ས་རྒོད་དུ་ལུས་པ་དང་བཅོས་སྒྲིག་དང་བེད་སྤྱོད་ནུས་ལྡན་ཐུབ་མེད། ཝུན་ཅང་ཆུས་ཀྱི་རོགས་སྐྱོར་འོག། གསེར་རྟ་རྫོང་གིས་སྤྱི་གཉེར་ཁང་དང་རྟེན་གཞི།ཞིང་དུད་བཅས་ཟུང་དུ་སྦྲེལ་བའི་བྱེད་སྟངས་སྤྱད་ནས་རྒྱ་བོད་ལུགས་སྨན་རྒྱུ་ཐང་ཕྲོམ་འདེབས་འཛུགས་དཔེ་སྟོན་རྟེན་གཞི་བསྐྲུན་ནས་ཁྱད་ལྡན་རྒྱ་བོད་ལུགས་སྨན་རྒྱུ་སྤུས་རྟགས་བཏོད་ཡོད། ལས་དོན་རུ་ཁག་གི་འབྲེལ་ཟམ་འོག་གསེར་རྟ་རྫོང་གིས་ཐང་ཕྲོམ་འདེབས་འཛུགས་དང་།ལས་སྣོན།ཕྱིར་ཚོང་སོགས་ཀྱི་ཐད་ཁྲེང་ཏུའུ་སྨན་བཟོ་དང་པོ་ཚད་ཡོད་སྤྱི་གཉེར་ཁང་དང་གྲོས་མཐུན་བཞག་ནས་སྨན་རྒྱུ་ཕྱིར་ཚོང་ཡག་པོ་བྱུང་ནས་དཔལ་འབྱོར་གྱི་རིན་ཐང་དང་སྐྱེ་ཁམས་ཀྱི་རིན་ཐང་གཉིས་ཀར་གྲུབ་འབྲས་ཐོབ་ཡོད་ཅེས་བཤད།

ཕྱུགས་རྩྭ་དཀོན་པ་ནི་གསེར་རྟ་རྫོང་གི་ཕྱུགས་རིགས་གསོ་ཚགས་ཐོན་ལས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན་ཞིང་།ཝུན་ཅང་ཆུས་ཀྱིསརོགས་སྐྱོར་གྱི་དཀའ་གནད་སེལ་བར་དམིགས་ཏེ་ཨ་བྲའི་གནོད་འཚེ་ཕོག་ཁུལ་དང་།ས་ཞིང་གྲམ་ཐང་བཅས་སུ་ཐོན་འབབ་མཐོ་བའི་གཟན་རྩྭ་མུའུ25000བཏབ་ནས་གསེར་རྟ་རྫོང་ལ་ཕྱུགས་རིགས་གསོ་ཚགས་རྟེན་གཞི་གཏོད་རོགས་བྱས་པར་མ་ཟད།ས་གནས་དེ་གའི་སྐྱེ་ཁམས་ཁོར་ཡུག་ཀྱང་ལེགས་སུ་བཏང་ཡོད། ཝུན་ཅང་ཆུས་ཀྱི་རོགས་སྐྱོར་འོག་གསེར་རྟ་རྫོང་དང་ཀྲུང་གོའི་གློག་བསྐྲུན་རྩད་ཞིབ་ཐིག་ལེན་ཇུས་འགོད་ཞིབ་འཇུག་ཁང་གིས་འོད་ཤུགས་དང་ཕྱུགས་རྩྭ་འདེབས་འཛུགས་ཀྱི་མཉམ་ལས་བསམ་བློར་གྲོས་མཐུན་བྱུང་ནས་གསེར་རྟ་རྫོང་གིས་གྲམ་ཐང་དུ་འོད་ཤུགས་གློག་གཏོང་དང་།སྐྱེ་ཁམས་ཞིང་འབྲོག་པའི་ལྗང་མདོག་ཁུལ་གྱི་དཔེ་སྟོན་རྟེན་གཞི་བསྐྲུན་རོགས་བྱས་པས་སྐྱེ་ཁམས་ཕན་འབྲས་དང་།དཔལ་འབྱོར་ཕན་འབྲས།སྤྱི་ཚོགས་ཀྱི་ཕན་འབྲས་བཅས་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད།

གསེར་རྟ་རྫོང་སེར་ཁོག་གྲོང་རྡལ་ཞོར་རོགས་གྲོང་སྡེར་བསྐྱོད་སྐབས་ཡུལ་སྡེ་དར་རྒྱས་སྔོན་སྐྱོད་དཔེ་སྟོན་གྲོང་སྡེ་དང་།འབྲོག་པའི་གཞིས་ཆགས་ཁུལ་གྱི་རིམ་སྤོར་བྱ་སྤྱོད།མཆོད་རྟེན་དཀར་པོ་སྤྱི་གླིང་དང་དེ་བཞིན་ལྗང་བསྒྱུར་འཛུགས་སྐྲུན་ལས་གཞི་གསུམ་དུས་གཅིག་ཏུ་སྤེལ་བཞིན་ཡོད་པས་ཚ་ཚ་འུར་འུར་གྱི་རྣམ་པས་ཁེངས་ཡོད། ད་སྔར། ཡུལ་སྡེ་དར་རྒྱས་གཏོང་བའི་སྔོན་སྐྱོད་དཔེ་སྟོན་གྲོང་སྡེའི་ལས་གཞིར་ལས་གྲྭའི་ཚད་བརྒྱ་ཆ40ལ་ཟིན་པ་དང་།འབྲོག་པའི་གཞིས་ཆགས་ཁུལ་གྱི་རིམ་སྤོར་བྱ་སྤྱོད་ལས་གཞིའི་ལས་གྲྭའི་ཚད་བརྒྱ་ཆ60ལ་ཟིན་ཞིང་། མཆོད་རྟེན་དཀར་པོ་སྤྱི་གླིང་དང་དེ་བཞིན་ལྗང་བསྒྱུར་འཛུགས་སྐྲུན་ལས་གཞིའི་ལས་གྲྭའི་ཚད་བརྒྱ་ཆ50ལེགས་པར་གྲུབ་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཡུལ་སྡེ་དར་རྒྱས་ཀྱི་སྔོན་སྐྱོད་དཔེ་སྟོན་གྲོང་སྡེའི་ལས་གཞི་བསྐྲུན་རྗེས་དམངས་སྲོལ་དང་ཡུལ་སྐོར་ཟུང་འབྲེལ་རྣམ་པའི་ཐོག་ནས་ཐོན་ལས་གཞན་སྒྱུར་དང་ཐུན་མོང་དཔལ་འབྱོར་སྟོབས་ཆེར་བཏང་སྟེ་འབྲོག་པའི་ཡོང་འབབ་མང་དུ་གཏོང་བ་དང་། འབྲོག་པའི་གཞིས་ཆགས་ཁུལ་རིམ་སྤོར་བྱ་སྤྱོད་ལས་གཞི་བསྐྲུན་རྗེས་འབྲོག་པའི་གནས་སྡོད་ཁོར་ཡུག་སྔར་བས་ལེགས་སུ་བཏང་ནས་དཔེ་སྟོན་གྱི་ནུས་པ་ལྡན་པའི་ཁོར་ཡུག་མཛེས་པ་དང་།སྒྲིག་ཆས་ཆ་ཚང་བ།ཁང་པ་གསལ་བ་བཅས་ཀྱི་འབྲོག་པའི་སྡོད་ཁང་གསར་པ་བསྐྲུན་རྒྱུ་དང་། མཆོད་རྟེན་དཀར་པོ་སྤྱི་གླིང་དང་དེ་བཞིན་ལྗང་བསྒྱུར་འཛུགས་སྐྲུན་ལས་གཞི་བསྐྲུན་རྗེས་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་དང་མི་རིག་སྣ་ཚོགས་ཀྱི་མཛེས་ལྗོངས་ལ་བརྟེན་ནས་ཡུལ་སྐོར་བའི་ཡིད་དབང་བཀུག་སྟེ་གསེར་རྟ་རྫོང་གི་ཡུལ་སྐོར་བྱ་གཞག་འཕེལ་རྒྱས་ལ་བསྐུལ་རྒྱུ་ཡིན་ཞིང་། ལས་གཞི་གསུམ་ཁྱིམ་མཚེས་སུ་གནས་པ་དེས་གསེར་རྟ་རྫོང་གི་གྲོང་སྡེ་ཁྱོན་ཡོངས་ནས་དར་རྒྱས་གཏོང་བར་སྐུལ་ཁྲིད་བྱ་རྒྱུ་རེད།

ལས་གཞིའི་འགན་འཁུར་བས་གཉན་ལུང་ཡུལ་ཤོག་གད་སྙིགས་གཙང་སེལ་ས་ཚུགས་སུ་སྐྱོད་སྐབས་སྨྱུག་འཛིན་པས་ཉིན་རེར་འཚོ་བའི་གད་སྙིགས་ཏུན1གཙང་སེལ་བྱས་ནས་ཚ་གཏོང་རླངས་འབྱེད་ཐབ་ཀ་འཁོར་སྐྱོད་བྱེད་བཞིན་པ་མཐོང་། ཁོས་སྒྲིག་ཆས་དེ་བརྒྱུད་གད་སྙིགས་འབར་རྗེས་ཐོན་པའི་དུ་བ་དག་རིམ་པ་རེ་རེ་བཞིན་གཙང་སེལ་བྱས་རྗེས་གནོད་མེད་ཅན་དུ་གྱུར་ནས་རྡོ་སོལ་སྙིགས་རོ་ཡང་སོ་ཕག་ཏུ་ལས་སྣོན་བྱས་ནས་ལམ་བཏིང་ཆོག་པས་གད་སྙིགས་གཙང་སེལ་གྱི་སྤྱི་གནོད་མེད་པ་མངོན་འགྱུར་བྱུང་ཡོད་ཅེས་བཤད། ཝུན་ཅང་ཆུས་ཀྱི་རོགས་སྐྱོར་འོག་གསེར་རྟ་རྫོང་གིས2022ལོར་གྲོང་སྡེའི་གད་སྙིགས་གཙང་སེལ་འཛུགས་སྐྲུན་ལས་གཞི་ལག་ལེན་བསྟར་འགོ་བཙུགས་པ་དང་།ཧོར་ཤུལ་དང་།ཉི་སྟོད།བརྡར་ཚང། སྟག་རྩེ། རགས་བཀྲམ། གཉན་ལུང་བཅས་ཡུལ་གྲོང6ཏུ་གད་སྙིགས་གཙང་སེལ་ས་ཚུགས6དང་དེ་བཞིན་ལེ་ལག་ཚང་བའི་བསྡུ་རུབ་སྐྱེལ་འདྲེན་སྒྲིག་ཆས་གསར་སྐྲུན་བྱས་པར་མ་ཟད།མཁན་ལེབ་དང་།ཡར་ལུང་། མཆོག་གཙང་བཅས་ཡུལ་གྲོང3ལ་གད་སྙིགས་བསྡུ་རུབ་སྐྱེལ་འདྲེན་སྒྲིག་ཆས་ཉོ་སྒྲུབ་བྱས་ཡོད། ད་སྔའི་བར་ཧོར་ཤུལ་དང་བརྡར་ཚང། སྟག་རྩེ། རགས་བཀྲམ། གཉན་ལུང་བཅས་ཡུལ་གྲོང5ཡི་གད་སྙིགས་གཙང་སེལ་ས་ཚུགས5བེད་སྤྱོད་གཏོང་འགོ་བཙུགས་པ་དང་། ཉི་སྟོད་ཡུལ་ཤོག་གད་སྙིགས་གཙང་སེལ་ས་ཚུགས་ཀྱིས་སྒྲིག་ཆས་ཚོད་ལྟ་བྱེད་བཞིན་ཡོད་པས་སྔོན་དཔག་བྱས་ན་ཟླ་དྲུག་པའི་ཟླ་དཀྱིལ་དུ་བེད་སྤྱོད་གཏོང་འགོ་འཛུགས་ཐུབ།

ལས་གཞི་དེ་སྤྱོད་འགོ་བཙུགས་པ་དེས་གསེར་རྟ་རྫོང་གི་གྲོང་སྡེའི་འཚོ་བའི་གད་སྙིགས་རྒྱུན་གཏན་གྱི་གཙང་སྦྲ་དང་།གཅིག་གྱུར་འཚོལ་བསྡུ།གཅིག་གྱུར་སྐྱེལ་འདྲེན།ཚད་ལྡན་ཐག་གཅོད་བཅས་ཀྱི་དོ་དམ་འཁོར་སྐྱོད་མ་ལག་འཐུས་ཚང་དུ་བཏང་བ་དང་ཁོར་ཡུག་གཙང་སྦྲའི་ལས་དོན་རྫོང་གྲོང་ནས་གྲོང་སྡེར་སྣུར་བསྲིང་བྱས་ཏེ་གྲོང་སྡེའི་ཁོར་ཡུག་འཕྲོད་བསྟེན་དང་འཚོ་བའི་གད་སྙིགས་བསྡུ་རུབ་དང་གཙང་སེལ་གནས་ལ་མི་འཁེལ་བའི་གནད་དོན་ཐག་གཅོད་བྱས་ནས་གསེར་རྟ་རྫོང་གིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་རྫོང་གྲུབ་འབྲས་ཐོབ་པའི་ངང་གཏོད་རྒྱུར་རོགས་རམ་བྱས་ཡོད།

ཕྱིན་ཆད་ཝུན་ཅང་ཆུས་ཀྱི་ཁ་གཏད་རོགས་སྐྱོར་ལས་དོན་རུ་ཁག་ཁག་དྲུག་པས་ལོ་འཁོར་གྱི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ་དང་།ཚན་རིག་དང་མཐུན་པའི་རྩ་འཛུགས་དང་གཅིག་གྱུར་བཀོད་སྒྲིག་བྱེད་པ།རོགས་སྐྲུན་ལས་གཞིའི་མཐུན་སྦྱོར་འགན་ལེན་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་བ།དམིགས་ས་ནས་སྒྲུབ་པ་དང་གཅིག་གཏད་གཅིག་གི་མཛུབ་ཁྲིད་ཞབས་ཞུར་དམིགས་པ་བཅས་བྱས་ནས་ལས་གཞི་འཛུགས་སྐྲུན་གྱི་འཕེལ་རིམ་ལ་ཤུགས་ཡོད་རྒུས་བསྐུལ་ནས་དམིགས་ཚད་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་བྱ་རྒྱུ་ཡིན་པ་རེད།། 


  • ལེ་ཚན་སྔོན་མ།:ཁུལ་མི་དམངས་སྲིད་གཞུང་སྐབས་བཅུ་གསུམ་པས་རྒྱུན་ལས་ཚོགས་འདུ་ཐེངས30པ་འཚོགས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་མཐོ་སྒང་གི་རྒུན་ཆང་ཐོན་ལས་འཕེལ་རྒྱས་བཏང་།
  • དོ་སྣང་ཆེ་བའི་རྩོམ།