དབྱངས་ཀྱི་ཟིལ་བ།

གངས་ཟེགས།        2023-06-21

ན་ནིང་འཁྲུངས་པའི་མེ་ཏོག།

རེ་བའི་སང་ལོ་མི་འདུག།

རྒ་རྒྱུ་མེད་པའི་བརྩེ་དུང་།།

མྱུར་དུ་ཤི་ན་འགྲིག་གི།

ཚེ་གཅིག་ལུས་ཀྱི་ལང་ཚོ།།

ལ་ཁའི་ཉི་ཟེར་འདྲ་འདུག།

ན་ཟླའི་རྨི་ལམ་རྨིས་དུས།།

ང་རང་སེམས་པ་སྐྱོ་སོང་།།

སྤྲིན་དཀར་ལྷ་མོའི་ཕྱོགས་ལ།།

སྙན་ངག་ཐན་ཐུན་བྲིས་ཡོད།།

སེམས་པ་ནམ་མཁའི་ཀློང་ལ།།

ཚོར་བའི་ལན་ཞིག་མི་འདུག།

འཇའ་ཚོན་ནང་གི་བུ་མོ།།

ལག་པས་ཟིན་པ་མི་འདུག།

གྲོགས་པོ་ཨུ་ཚུགས་ཅན་པོ།།

དཀའ་བས་ཨ་ཐང་ཆད་སོང་།།

སེམས་ཀྱི་འཕྲིན་པའི་ནང་ལ།།

བྱམས་པས་འཛུམ་ཞིག་ཐོན་འདུག།

ཁ་དང་ལག་པའི་བར་ནས།།

རང་ཚུགས་རང་གིས་བསྟན་ཡོད།།

མི་ཁའི་རྒྱ་གྲོང་ནང་ལ།།

ལས་ཀྱི་བག་ཆགས་འཁྱམ་དུས།།

བརྩེ་དུང་སྙིང་རྗེ་མེད་པས།།

རླུང་རྟ་རྡོག་པས་བརྫིས་སོང་།།

དམར་སེར་ཆོས་རའི་ནང་ནས།།

དུང་བའི་སེམས་པ་འཕུར་སོང་།།

འཚོ་བའི་འཁོར་འཛིང་ཁྲོད་ནས།།

ཡིད་སེམས་སྐྱོ་བས་བརྣང་ཡོང་།།

ཞག་གསུམ་ལོན་པའི་བརྩེ་བ།།

ལོ་གསུམ་འགྲོགས་པ་འདྲ་བྱུང་།།

ལོ་གསུམ་འགྲོགས་པའི་བྱམས་པ།།

ཚེ་རབས་འདོགས་པའི་ཐག་པ།།

ཡ་ཀི་དགོན་པའི་ནང་ལ།།

ལུས་ཀྱི་ཆོས་གོས་བཞག་ཡོད།།

མ་ཀི་གྲོང་རྡལ་ནང་ལ།།

སྡིག་པའི་རྐང་རྗེས་མ་འཇོག།

བདེན་རྫུན་འཁྲུལ་བའི་མིག་ལ།།

མཛེས་པའི་གར་ཞིག་འཁྲབ་ཡོང་།།

རྣམ་རྟོག་སེམས་ཀྱི་བློ་མིག།

བདེན་པའི་ལམ་ཞིག་དྲིས་དང་།།



  • ལེ་ཚན་སྔོན་མ།:དར་རྩེ་མདོའི་མཛའ་གཞས།
  • ལེ་ཚན་རྗེས་མ།:མི་དང་རྒྱ་མཚོ།