ཡུལ་ལ་ལོག་དུས།

པདྨ་བཟང་པོ།        2023-06-19

ལོ་རྒྱུས་ཀྱི་སྨུག་པ་རི་རྒྱལ་ལ་དམ་དུ་དཀྲིས་རྗེས།

སྦྲ་ཡི་ཁ་ཚུབ་ན་ཆེམ་ཆེམ་དུ་འཕྲོ་བའི་ཉི་འོད་དེ།

ང་ཡི་ལུས་སྟེང་གི་དྲོད་སྣང་དང་ལྷན་གཅིག་ནར་སོན།

དུས་ཚོད་ཉིད་ཀྱང་ཨ་མའི་ལན་བུ་དང་འདྲ་བར་རིང་པོ་ཞིག།

སྤང་ལྗོངས་འདིའི་བདག་པོ་རལ་བ་ཅན།

གཉིད་ལས་སད་རྗེས་ཀྱི་མིག་ཟུང་ནམ་མཁའ་དང་འདྲ་བ་དེ།

ཧི་མ་ལ་ཡ་ཟེར་བའི་རི་བོ་མཐོ་ས་དེ་ནས།

བདག་གི་རྟ་ཕོ་དང་ཁྱོད་ཀྱི་ལུ་གུ་དག་གི་རྗེས་སུ་བསྙེགས་སོང་།

མཚན་མོའི་མེ་ཕུང་སྐོར་བྲོ་རྡུང་མཁན་གྱི་མི་རྣམས།

དལ་བྲེལ་མེད་པར་རང་རང་གི་མལ་དུ་འཛུལ་རྗེས།

རྨི་ལམ་ནས་མཆེད་པའི་རུས་པ་དཀར་པོ་དེ།

དབུས་ལམ་གྱི་ཉི་མ་ཁོ་ནས་བདག་གིར་བྱས།

སྡེ་འདབས་ནས་གླུ་ཆུང་སིང་སིང་གཏོང་བའི་བུ་མོ་དེ།

ཁ་སང་གྲོང་ཁྱེར་དུ་སོང་ཤུལ་ནས་ཕྱིར་ལོག་མ་བྱུང་།

སྤང་ལས་སྐྱེས་པའི་མལ་སྟན་འཇམ་པོ་དག།

ད་ནི་དུས་ཚོད་ཀྱི་མེ་ཡིས་འཚིག་པ་ཐག་གིས་ཆོད།

ལོ་རྒྱུས་ཀྱི་སྨུག་པ་རླུང་གིས་ཡང་ཡང་བསེད་རྗེས།

འུར་རྡོའི་ལྕག་སྐད་ཅིག་གིས།

བར་སྣང་ལ་ཁུར་སོང་བའི་བདག་གི་རྟ་ཕོ།

གྲང་ཤུར་ཤུར་གྱི་སྤྲིན་པར་བཞོན་ནས་གང་དུ་བུད་སོང་ངམ།

  • ལེ་ཚན་སྔོན་མ།:སྡིག་ཉེས་ཀྱི་ལག་རྗེས།
  • ལེ་ཚན་རྗེས་མ།:སྡོད་མི་ཚུགས་པའི་དུས་སུ།