བྱུ་རུའི་འོད་མདངས།

ཆོས་འབྱོར་རྒྱ་མཚོ།        2023-06-16

ཏིང་་ཏིང་་་་ཏིང་་་་གསུམ་གྱིས་ཁང་སྒོ་བརྡུངས་བྱུང་། “ས་རུབ་འདུག སུ་ཞིག་ཡིན་ནམ།” “དབྱངས་ཅན་ལྷ་མོ་་་ཡིན།” “ཡོང་གི་ཡོད།”

དབུགས་འཚང་བཞིན། “ངའི་་ངའི་་་ངའི་་བྱུ་རུ་བོར་སོང་ཟིག” “དལ་མོར་ཤོད་དང་ཅི་ཞིག་བོར་སོང” “ཨ་མས་བྱིན་པའི་བྱུ་རུ་དམར་པོ་དེ་བོར་སོང” “རེམ་་་རེམ་་་རེམ་འཚོལ་ལ་འགྲོ”

“ད་རྙེད་རྒྱུ་མ་རེད།” མིག་ཀོང་ནས་མཆི་མ་ཕུད་པ་ལས་བོར་ཡུལ་གང་ཞིག་ཡིན་པའི་ཕྱོགས་ནས་སྐད་ལན་མེད་པར། ཅོག་ཙེའི་སྟེང་དུ་མགོ་བཞག་སྟེ་ངུ་། ངུ་བཞིན་དིག་གཏམ་གྱིས “ཨ་མས་དེ་ཉར་ཚགས་བྱོས་ཟེར་ཀི། མདང་ནུབ། སྔས་མགོ་ལ་བཞག་ཡོད།

ད་ནངས་སད་དུས་སྔས་མགོ་ན་མེད་ཀི” “དམྱལ་བ་མ། ཚེ་དབང་གིས་བརྐུས་པ་མིན་ནམ།” དབྱངས་ཅན་ལྷ་མོའི་མགོ་བོ་འཕྲེད་དུ་གཡུགས་ནས་ཚེ་དབང་མིན་ན་བདེ་སྐྱིད་ཡིན་པར་གྲོས་ཐག་བཅད། “ཨེ་ཡིན་ནམ།” “ཡིན་པར་ཐག་ཆོད།” ངའི་ཁ་པར་བཙལ་ནས་བདེ་སྐྱིད་ལ་ཁ་པར་བརྒྱབ་སྟེ། “གང་ན་ཡོད། ཁྱི་རྐུན།ངའི་བྱུ་རུ་ཕྱིར་ལ་སྟེར་ན་བཟང་།” བདེ་སྐྱིད་ལ་ཨ་ལན་ཡང་མེད་པར་ཁ་པར་གྱི་སྒོ་བརྒྱབ།

“སང་ཉིན་དགེ་རྒན་ལ་བཤད་དགོས།” དབྱངས་ཅན་ལྷ་མོའི་ཚུགས་ཀ་དེས་ང་ལ་ཅུང་མི་བདེ་བ་བྱུང་ནས་ཨ་ལན་ཡང་འདེབས་པར་དོགས་པའི་ཚོད་དུ་གཡུགས། དབྱངས་ཅན་ལྷ་མོ་བུད་ཐལ་ཕྱིར་བལྟས་ཀྱང་མེད་པར་སྡོད་ཁང་འདིའི་རྒྱ་ལམ་དེ་ནང་དུ་ཞུགས་ནས་བུད་ཐལ། དབྱངས་ཅན་ལྷ་མོ་སོང་ནས་སྐར་ཆ་ལྔ་དྲུག་ཅིག་འགོར་བ་ན་ཆར་པ་ཤག་ཤག་ཅིག་བབས་ནས་ང་སྡོད་སའི་གནས་འདིའི་གློག་ཆད་སོང་། ཅོག་ཙེའི་སྟེང་ན་ཁ་པར་ཡོད་ཀྱང་ཁང་པ་འདིའི་ནང་དུ་མུན་ནག་པས་ཁ་པར་ལེན་ཐབས་མ་བྱུང་། དེ་མ་ཐག་ཁ་པར་གྱི་སྒྲ་སང་སང་སང་ངང་གྲག་བྱུང་། ཁ་པར་གཅིག་པུ་གསལ་ལམ་ངེར་མཐོང་། ཁ་པར་དེ་ལ་ཉན་པ་ན།“ཁྱོད་སུ་ཡིན། ངས་ཅི་ཞིག་བརྐུས་སོང་བ་རེད། སྐྱོན་མ་འགེལ་ན་བཟང་།” “བེ་་་བེ་་བེ་བདེ་སྐྱིད་་གསལ་་་་”

གསལ་བཤད་བྱེད་དུ་མ་བྱུང་ཁ་པར་གྱི་སྒོ་བརྒྱབ་ཐལ། སང་ཉིན་དོན་དག་ཡག་པོ་ཞིག་མི་ཡོང་བ་ཐག་ཆོད་རེད་ཅི་བྱེད། ངས་འདང་མང་པོ་ཞིག་བརྒྱབ་ནས་གཉིད་མ་ཁུག་སྟེ་གློག་ཀྱང་ཐོན། དུས་ཚོད་ལ་ལྟ་དུས་ནམ་གསལ་བར་ཆུ་ཚོད་གཉིས་ཙམ་ལས་མི་འདུག། ཁ་པར་ཅོག་ཙེ་སྟེང་དུ་བཞག་ནས་ཉལ་བ་ན་ཅི་ཡིན་མེད་པར་གཉིད་དུ་ཤོར་སོང་། ཨོག་མ་ནག་པའི་བྱིའུ་ཆུང་མཆིལ་བའི་སྐད་ཅིག་རྣ་ཡི་བུ་ག་རུ་གྲག་གིན་འདུག། སད་པ་ན་སློབ་ཐུན་འཚོགས་ནས་དུས་ཚོད་ཕྱེད་ཙམ་འདས་ཟིན།

ཁ་ལག་བཀྲུ་ཁོམ་ཡང་མ་བྱུང་བར་རེམ་རེམ་ངང་ལྕགས་རྟ་བཞོན་ནས་སློབ་ཐུན་མ་གྲོལ་གོང་སློབ་ཁང་ནང་དུ་ཐོན་པར་རེ་བ་བཅངས་པས་གང་ལེགས་གྲུབ་བྱུང་སོང་།འཛིན་གྲྭའི་སྒོ་ཁ་ཐོན་ནས་བལྟས་པ་ན་སློབ་ཐུན་འཚོག་མི་འདུག། སློབ་ཐུན་གྲོལ་སོང་ངམ་སྙམ་པ་ནས་སྒེའུ་ཁུང་གི་འགྲམ་ནས་སློབ་གྲྭའི་ར་སྐོར་ཕྱི་མའི་ནང་དུ་བལྟས་པ་ན་དབྱངས་ཅན་ལྷ་མོ་དང་དགེ་རྒན་ཚོས་དེ་ན་གླུ་ལེན་གར་རྩེད་བྱེད་ཀྱིན་འདུག། ངའི་སེམས་སུ་བྱུ་རུ་བོར་སོང་བའི་གྱོད་དོན་དེ་ཤར་ནས་རེམ་རེམ་ངང་། ར་སྐོར་ཕྱི་མའི་ནང་དུ་སོང་ནས་དགེ་རྒན་དང་དབྱངས་ཅན་ལྷ་མོ་དག་ལ་མཇལ། བདེ་སྐྱིད་ཀྱིས་ངོ་ནག་ནག་ངང་དབྱངས་ཅན་ལྷ་མོར་ལྟ་འདུག། དབྱངས་ཅན་ལྷ་མོས་བདེ་སྐྱིད་ལ་ངོ་ནག་ནག་བྱས་བྱུང་། ཚེ་དབང་ནམ་རྒྱུན་གྱི་གཤིས་ཀ་དེ་ལས་ལྡོག་སྟེ་དབྱངས་ཅན་ལྷ་མོ་ལ་ཅུང་སྐྲག་ཅིང་འཚབ་ཀྱིན་འདུག། ངའི་མིག་ཀོང་དུ་ཡོད་པའི་ཚེ་དབང་བྱུ་རུ་བོར་བ་འདི་དང་འབྲེལ་བ་ཆེ་བར་འདོད། འོན་ཏང་། དབྱངས་ཅན་ལྷ་མོ་ཚེ་དབང་ལ་གཏན་ནས་དོགས་པ་སྐྱེ་མི་འདུག།

ང་ཚོ་ར་སྐོར་ཕྱི་མ་དེ་ནས་ཡོང་ཞོར་དབྱངས་ཅན་ལྷ་མོ་ལ་བྱུ་རུ་བོར་བ་ཚེ་དབང་དང་འབྲེལ་བ་མེད་པར་ཁྱེད་ཀྱིས་ཐག་ཆོད་དམ་ཞེས་དྲིས་ཀྱང་། ངོ་མདོག་ཙམ་ཡང་མི་འགྱུར་བའི་ངང་ནས་ཚེ་དབང་ཨ་ནེའི་བུ་མོ་དང་ཁོང་གཉིས་ཉེ་བ་ཆེན་མོ་ཡིན་པར་བཤད་ནས་དོགས་པ་ཐམས་ཅད་བདེ་སྐྱིད་ཀྱི་སྟེང་དུ་འཁོར་དང་འཁོར་བཞིན་རེད།

“ཁྱིམ་རྐུན་ཕ་མས་མི་ཁོག། ཁྱི་རྐུན་ཚེམ་དྲིས་མི་ཁོག”ཅེས་པའི་དཔེ་བཞིན་འགྱུར་སྲིད་ན་ཐང་། དབྱངས་ཅན་ལྷ་མོས་ཡང་དང་བསྐྱར་དུ། “ཚེ་དབང་མིན་ཐག་ཆོད། བདེ་སྐྱིད་འདི་ང་ལ་མི་དགའ། ཡིན་ཐག་ཆོད་རེད།” དབྱངས་ཅན་ལྷ་མོས་ཐེངས་གཅིག་ཕྱི་ཐུན་གྱི་སྐབས་སུ་ལས་ཀ་ཙག་ཙིག་གི་དོན་དུ་ཁོ་གཉིས་ཁ་རྩོད་བྱུང་བ་དེ་འཁོན་དུ་བཟུང་ནས། བདེ་སྐྱིད་ཁོ་ནའི་སྟེང་དུ་ནག་ཉེས་ཀྱི་ཞྭ་མོ་བསྐོན་ནས་གཞན་སློབ་གྲོགས་སུ་ལ་དོགས་པ་མ་བྱུང་། ངོ་གདོང་ན་ཤ་རྨེན་ཞིག་ཡོད་པའི་ཕོ་རྫིག་ཅིག་སློབ་ཁང་ནང་དུ་ཡོང་ནས་ཡར་ལྟ་མར་ལྟ་བྱེད་ཀྱིན། “ཚེ་དབང་ཨེ་ཡོད་ཀི།”ཚེ་དབང་ཐོན་བྱུང་ཨ་ཕ་ཞེས་ཁོང་གཉིས་སློབ་ཁང་འདི་ནས་ཕྱི་རོལ་དུ་བུད་ཐལ། ང་རང་ཁོང་གཉིས་ཀྱི་རྗེས་སུ་འཇབས་ནས་བརྟག་དཔྱད་བྱེད་དུས། ཚེ་དབང་གི་དོར་མའི་ཁུག་མའི་ནང་ནས་བྱུ་རུ་དམར་པོ་ཞིག་བླངས་ནས་གདོང་ལ་ཤ་རྨེན་ཅན་གྱི་ཕོ་རྫིག་ཅིག་ལ་ཨ་ཕ་ཟེར་གྱིན་ཡོད་པ་ལ་སྦྱིན་ཐལ། གདོང་ལ་ཤ་རྨེན་ཅན་གྱི་ཕོ་རྫིག་དེས་གང་ནས་རྙེད་དམ། སུ་ཡི་རེད་ཟེར་བ་སོགས་མི་འདྲི་བར་རུམ་ན་བཅུག་ནས་བུད་སོང་། ང་སློབ་ཁང་ནང་དུ་ཐོན་པ་ན་བདེ་སྐྱིད་དང་དབྱངས་ཅན་ལྷ་མོ་དགེ་རྒན་གྱི་དཔེ་ཁྲིད་བྱེད་ས་རུ་ཡར་ལ་ལངས་སུ་བཅུག་ནས་དགེ་རྒན་གྱིས་བཀའ་བཀྱོན་ཚད་མེད་ཅིག་གནང་བཞིན་འདུག། “ རེམ་་་རེམ་་་རེམ་ཕན་ཚུན་ལ་དགོངས་དག་ཞུས།དབྱངས་ཅན་ལྷ་མོའི་བྱུ་རུ་བྱིན་ན་བཟང་།” བདེ་སྐྱིད་ལ་གཅར་རྡུང་བྱེད་ཀྱིན་འདུག བདེ་སྐྱིད་བུ་མོ་གཉོམ་ཆུང་ཞིག་ཡིན་ཡང་མ་སོ་བསྡམས་ནས་ཁས་མ་བླངས། “བྱུ་རུ་ཚེ་དབང་གི་ལག་ན་ཡོད་ཀི།”

དབྱངས་ཅན་ལྷ་མོའི་མིག་ཟུང་གཉིས་ཀ་ཚེ་དབང་ལ་གྱེར་ནས་གསར་དུ་ཐེ་ཚོམ་གྱི་རྒྱ་རུ་ཚུད་སོང་། “ཚེ་དབང་། འདིར་ཤོག། བྱུ་རུ་བྱིན།”

“མ་་་ཁྱེར། ངས་་་བྱུ་་་་རུ་་་་་མི་་་་་་་ཤེས།”

“ཁྱོད། ཡར་ཤོག། དོན་དག་རྫུན་མེད་དུ་ཤོད་དང་།”

“ཅུང་ཙམ་གྱི་སྔོན། འདི་རུ་ཕོ་རྫིག་ཅིག་ཡོང་ཐལ། བྱུ་རུ་ཚེ་དབང་གིས་དེ་ལ་བྱིན་ཐལ།”

ཚེག་ཚེག་ཚེག་ཅེས་པའི་སྒྲ་དང་བཅས་དགེ་རྒན་གྱིས་ཤུགས་ཀྱིས་ཚེ་དབང་ལ་གཅར་ནས། “བྱུ་རུ་སྤྲོད།”དགེ་རྒན་གྱིས་གཅར་རྡུང་མ་བཟོད་དེ་ཚེ་དབང་གིས་ཁས་བླངས་ནས། “ཨ་ཕའི་ལག་ཏུ་ཡོད།ཨ་ཕས་རྐུས་ཤོག་ཟེར།” དགེ་རྒན་གྱིས་ཁ་པར་གྱི་འཆར་ངོས་སུ་མཛུབ་མོ་ཡར་འདེད་མར་འདེད་ཅིག་བྱས་ནས།“ཁྱེད་ཚེ་དབང་གི་ཁྱིམ་བདག་ཨུ་ཡིན།

རེམ་རེམ་རེམ་སློབ་གྲྭའི་ནང་དུ་འབྱོར་ཐབས་བྱོས།”

གོང་དུ་སློབ་གླིང་དུ་འབྱོར་བའི་ཕོ་རྫིག་དེ་སློབ་ཁང་ནང་དུ་ཐོན་མ་ཐག་ཚེ་དབང་ལ་འགྲམ་ལྕག་ཅིག་གཞུས་སོང་། “རོ་ལངས་མ།”སྡིགས་ཀྱིན་རྡོག་པས་བསྣུན།དབྱངས་ཅན་ལྷ་མོ་ལ་ཡང་འགྲམ་ལྕག་གཞུས་སོང་།

“སྐལ་ཆད་མ། བྱུ་རུ་ཞིག་ལ་བདག་ཐུབ་མ་རེད།”

དགེ་རྒན་ཁོའི་གདུབ་རྩུབ་དེ་ལ་སྐྲག་ནས་ལན་ཡང་འདེབས་དཀའ་བའི་ཚེ་སློབ་མ་མང་པོས་བར་འདུམ་བྱས་ནས་མཚམས་བཞག་ཏུ་བཅུག་པ་ན།

“ཁྱོད། དགེ་རྒན་ཞིག་ཡིན་པའི་ངོས་ནས། ཅི་ཞིག་ལ་ལྟ་ཀི་ཡོད།”

ཚེ་དབང་གིས་ཁོའི་ལག་ལ་བཞག་པའི་བྱུ་རུ་དེ་དགེ་རྒན་གྱི་ལག་ཏུ་བཞག་ནས་སློབ་གྲྭའི་སྒོ་ཆེན་ནས་བུད་སོང་། དགེ་རྒན་གྱིས་ཕོ་རྫིག་དེའི་རྒྱབ་གཟུགས་ལ་ཅེར་ནས་རྔམ་པ་ཞིག་འཐེན་རྗེས་བྱུ་རུ་དེ་དབྱངས་ཅན་ལྷ་མོའི་མགུལ་དུ་བཏགས་ནས་སློབ་ཁྲིད་མ་བྱས་པར་རང་གི་སྡོད་གནས་སུ་ཆས་སོང་།

བདེ་སྐྱིད་ཐང་ངེ་ཐིང་ངེའི་ངང་ལྒང་རྩལ་ར་བ་རུ་འགྲོ་བཞིན་འདུག།

ངས་མོ་བསྐྱོར་ནས་སློབ་གྲོགས་ལྟད་མོ་པ་དག་འདུག་སའི་རྡོ་ཡི་རྐུབ་སྟེགས་དེའི་སྟེང་ནས་ངེད་གཉིས་ཀྱིས་ཁ་བརྡ་མང་པོ་ཞིག་བཤད་ནས་བསྡད། དབྱངས་ཅན་ལྷ་མོ་ཡོང་གིན་འདུག ཡོང་ནས་འདི་རུ་ཐོན། དབྱངས་ཅན་ལྷ་མོས་དོག་མི་བདེ་བར་བདེ་སྐྱིད་ལ་ཅི་ཞིག་བྱ་དགོས་པར་ཐག་ཆོད་ཀྱིན་མི་འདུག། བདེ་སྐྱིད་ཀྱང་མི་བདེ་བའི་ཚོད་ནས་ལུད་པ་ཞིག་བྱེད། བདེ་སྐྱིད་འདི་ནས་འགྲོ་འདོད་དེ་གོམས་པ་ལྔ་དྲུག་ཅིག་ལ་སོང་བ་ན་ཐང་ལ་འགྱེལ་སོང་། དབྱངས་ཅན་ལྷ་མོ་བརྒྱུགས་ནས་བདེ་སྐྱིད་བསྐྱོར་བ་ན། “བཟང་ཁ་མ་བྱེད།” བདེ་སྐྱིད་ཀྱིས་སྐད་ཆ་དེ་འདྲ་ཞིག་ཤོར། བདེ་སྐྱིད་ཀྱིས་རང་གི་ཅི་ཞིག་བཤད་པའང་ཁ་མཚམས་ཆོད་མི་འདུག། དགེ་རྒན་གྱིས་ལྒང་རྩལ་ར་བའི་ཕྱོགས་ནས་འདི་རུ་བལྟས་ནས་འདུག། ངས་དགེ་རྒན་གྱིས་ལྟ་འདུག་པ་མཐོང་བ་ན་དགེ་རྒན་གྱིས་ཅི་ཡང་མིན་མདོག་བྱས་ནས་སློབ་གྲྭའི་སྤྱོད་ཁང་ཡོད་ས་རུ་ཕྱིན། “བདེ་སྐྱིད། སང་ཉིན། སློབ་གྲྭའི་རྒྱུགས་ཆེན་རེད། ཁྱེད་ཡོང་ངམ།” ཅི་ཡང་མི་བཤད་པར་ཐང་ངེ་ཐིང་ངེས་གང་དུ་འགྲོ་བ་ཡིན་ནམ། དབྱངས་ཅན་ལྷ་མོས་བདེ་སྐྱིད་ལ་མི་འགྲིག་པའི་བྱས་ཉེས་བཟོས་པ་ལ་འགྱོད་ཅིང་ཅི་ཞིག་བྱ་དགོས་པར་ཤེས་ཀྱིན་མི་འདུག།

བདེ་སྐྱིད་སླེབས་མི་འདུག། སློབ་གྲྭའི་རྒྱུགས་ཆེན་གྱི་འགོ་བརྩམས་ནས་དུས་ཚོད་ཕྱེད་ཙམ་འགོར། བདེ་སྐྱིད་ཐང་ངེ་ཐིང་ངེ་ངང་ད་གཟོད་སློབ་གྲྭའི་སྒོ་འགྲམ་དུ་སླེབས་བྱུང་། བདེ་སྐྱིད་ཀྱིས་རྒྱུགས་ཤོག་སྟེང་གི་དྲི་བ་དག་ལ་ལན་བརྒྱབ་པ་ཨེ་མ་ཅི་འདྲའི་མགྱོགས་པ་ཨང་། དྲི་བ་བྲིས་ཟིན་རྗེས་དགེ་རྒན་གྱི་ཕྱག་ཏུ་བཞག་ནས་ཁོ་མོ་སློབ་ཁང་ནང་ནས་ཕྱི་རུ་བུད་སོང་། ངས་ཀྱང་རང་གི་བྲིས་མེད་པ་དག་མགྱོག་མགྱོགས་ངང་བྲིས་ནས་དགེ་རྒན་གྱི་ཕྱག་ཏུ་གཏད་ནས་སློབ་ཁང་གི་ཕྱི་རོལ་ན་ཡོད་པའི་བདེ་སྐྱིད་ཡོད་སར་སོང་། བདེ་སྐྱིད་སློབ་གྲོགས་ཚོའི་བློ་འདོན་བྱེད་སའི་ས་འབུར་ཞིག་ཡོད་པ་དེ་རུ་བསྡད་ནས་འདུག ང་བདེ་སྐྱིད་ཡོད་ས་རུ་ཐོན་མ་ཐག

“ཁྱོད་བཀའ་དྲིན་ཆེ། དེ་མིན་ཁ་སང་དགེ་རྒན་གྱིས་ཅི་བྱེད་མི་ཤེས།” དབྱངས་ཅན་ལྷ་མོ་ངེད་གཉིས་ཡོད་ས་རུ་ཡོང་གིན་འདུག། བདེ་སྐྱིད་ཀྱིས་ང་ལ་མོའི་ལག་པས་ཟུང་ནས་ཡར་ལ་འཐེན་དུ་བཅུག་ནས་འདི་ནས་མི་འདུག་ཟེར་ནས་ས་གཞན་ལ་བརྗེ་བར་བྱེད་པ་ན། དབྱངས་ཅན་ལྷ་མོ་རྒྱུགས་ཡོང་ནས། བདེ་་་་་སྐྱིད་་་འདི་ཁྱོད་ལ་སྦྱིན་བྱུ་རུ་དེ་བསྟན་པ་ན། བདེ་སྐྱིད་ཀྱིས་ལན་མ་བཏབ་པར་སོང་བ་ན། “ཨ་ཕྱིས་ཁྱེད་ལ་སྟེར་ཟེར་གི” བདེ་སྐྱིད་ཀྱིས་སྔར་ལྟར་ཅི་ཡང་མི་བཤད་པར་འདུག་གནས་བརྗེ་ལ་འགྲོ་བ་ན། དབྱངས་ཅན་ལྷ་མོས་བདེ་སྐྱིད་ཀྱི་སྔུན་སྐོར་བྱས་ནས་བྱུ་རུ་ལག་ཏུ་བཞག་པ་ན་བདེ་སྐྱིད་ལ་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་བྱུ་རུ་དེ་བཙལ་ཀྱང་མི་རྙེད་པའི་རྩྭ་ལྡུམ་ཞིག་གི་ནང་དུ་འཕངས།

དབྱངས་ཅན་ལྷ་མོ་བྱུ་རུ་འཕངས་སའི་རྩྭ་ལྡུམ་དེའི་ནང་དུ་རྒྱུགས་ནས་བྱུ་རུ་བཙལ་ཡང་མ་རྙེད། དབྱངས་ཅན་ལྷ་མོས་བྱུ་རུ་དེའི་དགེ་མཚན་བཤད་དེ། རང་གཅིག་པུས་བཙལ་ནས་ས་སྲོད་དུ་སླེབས་ཀྱང་དངོས་གནས་རྙེད་མ་སོང་། བདེ་སྐྱིད་ཀྱིས་དབྱངས་ཅན་ལྷ་མོ་བྱུ་རུ་དེ་ལ་ཧ་ཅང་དགའ་ཞིང་འདང་ཆེན་ཞིག་ཡིན་པ་ཤེས་པ་ན་ང་ལ་དབྱངས་ཅན་ལྷ་མོ་ལ་བྱུ་རུ་བཙལ་རོགས་བྱོས་ཞེས་རེ་བ་བཏོན། བདེ་སྐྱིད་ཐང་ངེ་ཐིང་ངེ་ཞིག་ཡིན་ཡང་བྱུ་རུ་འཕངས་སའི་རྩྭ་ལྡུམ་ནང་དུ་ཡོང་ནས་བྱུ་རུ་བཙལ་རོགས་བྱས། འོན་ཏང་། ཁོ་གཉིས་ཀྱིས་གཏན་ནས་རྙེད་ཀྱིན་མི་འདུག། རྩྭ་ལྡུམ་དེའི་ནང་ནས་བྱུ་རུ་བཙལ་ནས་དུས་ཡུན་རིང་པོ་ཞིག་བརྒལ་བ་དང་ཆར་པ་ཡང་ཤག་ཤག་བབས་བྱུང་། བཙལ་བཙལ་ནས་མཐའ་མཇུག་ཅིག་ལ་ངས་རྙེད་ཐལ། ཁོ་གཉིས་སེམས་ཁྲལ་ནང་དུ་ལྷུང་འདུག།

“ཆར་ཞོད་ཆེ་བ། ཁྱིམ་ལ་འགྲོ།” ད་དུང་བཙལ་ནས་ངས་བཤད་པའི་སྐད་ཆ་ཐོས་ཀྱིན་འདུག། “ངས་རྙེད་ཐལ།”དེ་མ་ཐག་ཁོ་གཉིས་ཀྱི་མིག་ཟུང་དྭངས་མོ་དེ་ངའི་ཕྱོགས་སུ་འཁོར་ཏེ་བྱུ་རུ་བཙལ་རྒྱུ་གཡུགས་ནས་ང་སར་ཕེབས། དབྱངས་ཅན་ལྷ་མོས་ཐོག་མར་བྱུ་རུ་ལ་བལྟས་ནས། དེའི་རྗེས་སུ་ཞིབ་ནན་ངང་བྱུ་རུ་ལ་གས་ཆག་ཡོད་མེད་སོགས་ཀྱང་ཞིབ་བལྟས་བྱས་ནས་ང་ལ་ཨ་ལན་མ་བྱིན། བྱུ་རུ་ལོན་པ་དང་བྱུ་རུ་ལ་གས་ཆག་མེད་པ་ཤེས་རྗེས་ཁོ་གཉིས་ཀྱིས་ད་གཟོད་རང་ཉིད་འདར་ཀྱིན་ཡོད་པ་ཤེས་ནས་ཁྲེལ་དགོད་བྱེད།



  • ལེ་ཚན་སྔོན་མ།:ཨ་མ་པདྨ་མཁའ་འགྲོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།