འདས་མཆོད་བྱེད་སྟངས་ཁ་གསལ་གོ་བདེ་མ་བཞུགས་སོ།།

མིག་དོན་གྱིས་བསྡུས།        2023-06-16

དེ་ཡང་བོད་མི་རིགས་ལ་གནའ་སྔ་མོ་ནས་གཤིན་པོའི་འདས་མཆོད་སྒྲུབ་ལུགས་ཧ་ཅང་རྒྱ་ཆེ་ལ་སྒྲུབ་སྟངས་ཀྱང་མི་འདྲ་བ་མང་པོ་ཞིག་ཡོད། དེ་ལས་མི་ཉག་པའི་ལུགས་སྲོལ་བཞིན་གཤིན་པོའི་ཕུང་པོ་ལག་ལེན་བྱེད་ལུགས་དང་དགེ་བ་སྒྲུབ་ལུགས་ཁ་གསལ་གོ་བདེ་ཞིག་བཀོད་ན་འདི་ལྟར་ཏེ།

དང་པོ། ནད་པ་འཆི་ཁར་བྱ་རྒྱུའི་སྐོར།

ལོ་ངོ་སྟོང་ཕྲག་ནང་དམ་པའི་ཆོས་འཕེལ་རྒྱས་བྱུང་བ་དང་ཆབས་ཅིག། བོད་མི་རྣམས་ཀྱི་འདུ་ཤེས་འཛིན་སྟངས་ཀྱང་དེ་ལྟར་འཕེལ་རྒྱས་བྱུང་ནས་ཆོས་དད་བྱེད་མཁན་ཞིག་ལ་ཆ་མཚོན་ན་ཚེ་འདི་ལས་ཚེ་ཕྱི་མ་ལ་དེ་བས་གཙིགས་ཆེན་དུ་རྩིས་ཀྱིན་ཡོད། དལ་འབྱོར་ཚང་བའི་མི་ལུས་རིན་ཆེན་འདི་ཐོབ་ནས་མཐའ་མ་རང་གི་ཚེ་སྲོག་འདི་རླུང་ཁའི་མར་མེ་ལྟར་འབྱུང་རྐྱེན་ག་གེ་མོ་ཞིག་གིས་ཚེ་ཡི་འཕེན་པ་རྫོགས་ཏེ་འཆི་བ་ལས་འོས་མེད་པའི་གནས་སུ་གྱར་སྐབས་ཇི་ལྟར་བྱ་དགོས་ཞེ་ན།ཐོག་མར་ནད་པ་རིག་པ་གསལ་ཞིང་གཏམ་སྨྲ་ཐུབ་པའི་དུས་ལ་བླ་མ་ཡོད་ན་རབ། དེ་མིན་བསམ་ཡོད་ཐོས་རྒྱ་ཆེ་བ་ཞིག་གིས་ནད་པར་ཁ་ཆེམས་གཞག་རྒྱུ་ཡོད་མེད་སྐོར་གྱི་སྐད་ཆ་འདྲི་དགོས། ཁ་ཆེམས་བཞག་རྗེས་ནད་པ་ལ་ད་ནས་བཟུང་འཇིག་རྟེན་འཁོར་བའི་དགའ་སྡུག་ཆགས་སྡང་སོགས་དང་། ཤུལ་དུ་ལུས་པའི་ཁང་ཁྱིམ་རྒྱུ་ནོར། བཟའ་ཟླ་བུ་ཚ་གཉེན་ཉེ་སོགས་ནི་རང་ཉིད་དག་ཞིང་དུ་སྐྱེ་བའི་བར་ཆད་ཚབས་ཆེན་ཡིན་པས་ཞེན་ཆགས་སྤུ་ཙམ་ཡང་སྐྱེ་རྒྱུ་མེད་པ་དང་། ང་ཚོས་བཤད་པའི་འཆི་བ་ཞེས་པ་ནི་ད་རེས་ཀྱི་ལུས་པོ་འདི་དོར་ནས་ལུས་གཞན་ཞིག་བརྗེ་པར་གོ་དགོས་ལ། རང་གི་རིག་པ་ནི་ཡེ་ནས་འཆི་རྒྱུ་མེད་པས་སྐྲག་མི་དགོས་ཤིང་། སེམས་རྩེ་གཅིག་ཏུ་ཨ་མི་དེ་བ་དང་ཡང་ན་མ་ཎི་སོགས་བཏོན་ཏེ་དག་ཞིང་དུ་སྐྱེ་བའི་སྨོན་ལམ་གདབ་དགོས་པ་དང་། འོད་དཔག་མེད་དང་སྤྱན་རས་གཟིགས་སོགས་ཀྱིས་མི་སྡིག་ཆེན་ཅི་འདྲ་ཞིག་ཡིན་ཡང་འཆི་ཁར་གསོལ་བ་རྩེ་གཅིག་ཏུ་འདེབས་ཐུབ་ན་ཞིང་ཁམས་སུ་ཁྲིད་ངེས་པ་ལ་ཐེ་ཚོམ་སྐད་ཅིག་ཀྱང་སྐྱེ་མི་རུང་བ་སོགས་སེམས་གསོ་ཡག་པོ་གང་ཐུབ་ཐུབ་བྱས་ནས་ནད་པར་དད་པ་ཡང་དག་པ་དང་དགེ་སེམས་ཁྱད་པར་ཅན་སྐྱེ་རུ་འཇུག་དགོས། དེ་ནས་ནད་པའི་ཉལ་གདན་ལ་གཅན་གཟན་དང་། དུད་འགྲོའི་པགས་རིགས། ལྕགས་ཆས་ཀྱི་རིགས་ཡོད་མེད་བལྟས་ནས་ཡོད་ན་དེ་ཚོ་དང་ལུས་ལ་གྱོན་པའི་པགས་རིགས། དེ་མིན་སྐེ་ལ་བཏགས་པའི་སྲུང་འཁོར་སོགས་བླང་དགོས། གང་ལགས་ཤེ་ན། འཆི་དུས་ལུས་ལ་པགས་རིགས་སོགས་ཡོད་ན་འཕོ་བ་ཐེབས་དཀའ་བའི་སྐྱོན་ཡོད་པར་བཤད། དེ་བཞིན་སྔོན་ཙམ་ནས་རང་ངམ་ནད་གཡོག་གིས་གྲ་སྒྲིག་བྱ་དགོས་པ་ཞིག་ལ་བྱིན་རླབས་རྩ་ཆེ་བའི་རིལ་བུ་རྣམས་ཤེལ་དམ་མམ་དཀར་ཡོལ་གང་རུང་དུ་ཆུ་ལ་སྦྱངས་ཏེ་བཞག། ནད་པ་དེ་ཕྱི་དབུགས་མ་ཆད་ཙམ་ནས་ཁ་ནང་བླུགས་ཏེ་འཐུང་དུ་འཇུག་པ་དང་། དེ་དང་ཆབས་ཅིག་བདེ་བར་གཤེགས་པའི་རིང་བསྲེལ་རྙེད་ན་རྡོག་རེ་གཉིས་ཤིག་ཀྱང་འབྲི་མར་རམ་བ་མར་དང་སྦྱར་ཏེ་ཁ་ནང་འཇུག་དགོས། ནད་པ་ལ་འཆི་བའི་རྟགས་འབྱུང་ཚེ་རང་ངམ་གཞན་ཞིག་གིས་དེའི་མགོ་བྱང་དུ་བསྟན། གཞོགས་གཡས་ས་ལ་ཕབ་སྟེ་སེང་གེའི་ཉལ་ཐབས་སུ་བཅོས་པ་སོགས་བྱུང་ན་རབ་ཡིན། དེ་ལྟར་མ་བྱུང་ན་དབུགས་ཆད་ནས་འཕོ་འདེབས་དང་པོ་ཐོབ་རྗེས་ལུས་སེང་གེ་ཉལ་སྟངས་ཀྱིས་བཅོས་ན་བྱིན་རླབས་ཆེ་བ་གསུངས། སེང་གེ་ཉལ་སྟངས་ཞེས་པ་གཞོགས་གཡས་ས་ལ་ཕབ་སྟེ་ལག་གཡས་པའི་མཛུབ་ཆུང་སྣ་ཁུང་གཡས་པའི་ནང་བཙུད་ནས་དབུགས་དེ་སྣ་སྦུག་གཡོན་ནས་གཏོང་ཐུབ་པ་ཞིག་བྱ་དགོས། དེ་གང་རེད་ཟེར་ན། སྣ་གཡས་ནས་ཉོན་མོངས་པའི་རླུང་དང་སྣ་གཡོན་ནས་ཡེ་ཤེས་ཀྱི་རླུང་རྒྱུག་པས་རེད།

དེ་ནས་འཆི་ཁར་མདུན་དུ་རང་གང་ལ་མོས་པའི་ཞིང་ཁམས་དང། ཞིང་ཁམས་དེའི་སྟོན་པའམ་འོད་དཔག་མེད། རང་ཉིད་གང་ལ་མོས་པའི་ཡི་དམ་གྱི་ལྷའི་སྐུ་འདྲ་བཤམས་པའམ། ཡང་ན་ཡིད་ལ་བསྒོམས་སུ་བཅུག་སྟེ་རྣམ་ཤེས་དེ་རླུང་དང་མཉམ་དུ་སྣ་སྦུག་གཡོན་ནས་སངས་རྒྱས་ཀྱི་སྐུ་དེར་འཕོས་པ་དང་། ཡང་ན་སེམས་ལྷོད་ལྷོད་བྱས་ནས་རྣ་བས་ཆོས་སྒྲ་ལ་ཉན། མིག་གིས་སྐུ་ལ་བལྟས། ཁ་ནས་འོད་མཚན་སོགས་བགྲང་གང་ཐུབ་བྱ་དགོས་པ་ལས་ནད་པ་མི་སྐྱ་བཟའ་ཚང་ཡོད་པ་ལྟ་བུ་ཡིན་ན་ནད་པའི་འགྲམ་དུ་བཟའ་ཟླ་དང་ཕྲུ་གུ་འགྲོ་རུ་འཇུག་མི་ཉན་པ་དང་། ལྷག་པར་དབུགས་ཆད་ཁ་དང་དབུགས་ཆད་ཟིན་པའི་སྐབས་སུ་ཚེ་འདས་ཀྱི་འགྲམ་དུ་བུ་རྒྱུད་དང་གཉེན་ཉེ་ཚོས་ངུ་འབོད་དང་ཤི་འཐམ་སོགས་གཏན་ནས་བྱ་རྒྱུ་མེད། གང་རེད་ཟེར་ན། འདས་པོས་ངུ་སྒྲ་ཚོར་ན་ཆགས་སེམས་སྐྱེ་བ་དང་ཕུང་པོ་བསྒུལ་ན་ན་ཟུག་སྐྱེས་ཏེ་ཞེ་སྡང་སྐྱེ་བས་རྣམ་ཤེས་ཀྱང་དེའི་རྗེས་སུ་ཤོར་ནས་མཐོ་རིས་སུ་སྐྱེ་བའི་གོ་སྐབས་མེད་པ་རེད།

གཉིས་པ། རྣམ་ཤེས་ཐོན་སྟངས་དང་འཕོ་བ་ཞུ་སྟངས་སྐོར།

ཚེ་འདས་ཀྱི་ཕུང་པོ་དེར་བླ་མའམ་དགེ་བའི་བཤེས་གཉེན་ནམ། རྣལ་འབྱོར་པ་གང་རུང་གིས་འཕོ་བ་མ་གནང་བའི་སྔོན་དུ་སུས་ཀྱང་ལག་པས་རེག་མི་རུང་ཞིང། སྤོ་སྒུལ་མི་བྱེད་པར་རང་སོར་གཞག་དགོས། ཚེ་འདས་ཀྱི་སྔས་མགོར་མཆོད་མེ་རྐོང་གཅིག་ཆད་རྒྱུ་མེད་པ་དང་། འཕོ་འདེབས་བླ་མ་འཕྲལ་དུ་མ་ཐོན་པའི་བར་གསེང་དུ་གཉེན་ཉེ་ཚོས་བྱམས་སྙིང་རྗེ་ཆེན་པོས་ཨ་མི་དེ་བ་དང་མ་ཎི་སོགས་སྒྲ་དག་ལ་མི་མགྱོགས་མི་དལ་བ་འདོན་རོགས་བྱེད་པའམ་སྒྲ་སྒམ་ནས་བཏང་སྟེ་ཚེ་འདས་ཀྱི་རྣམ་ཤེས་ཆོས་སྒྲར་གཏད་དུ་འཇུག་དགོས་པ་ལས་གཡེང་དུ་འཇུག་རྒྱུ་མེད། དེའི་བར་གསེང་ནི་ཧ་ཅང་གལ་ཆེ་བས་གཟབ་དགོས།

ཕྱི་དབུགས་ཆད་དེ་བརྒྱལ་ནས་སོང་བས་མ་མཐའ་ཡང་ཇ་ཡུན་གཅིག་ལ་བརྒྱལ་བ་ལས་སངས་མི་ཐུབ་པས་དེ་གར་བཞག་ན་ཡག། དེ་ནས་འཕོ་བ་འདེབས་མཁན་རབ་ཡིན་ན་རྩ་བའི་བླ་མ། དེ་མིན་མཁན་པོ་དང་དགེ་བཤེས། སྤྲུལ་སྐུ། རྣལ་འབྱོར་པ་སོགས་ཀྱིས་འཁོར་བར་སྐྱེ་བྱེད་ཀྱི་སྒོ་དགུ་པོ་དེ་དམིགས་པས་བཀག་ནས། སྒོ་གཅིག་ཚངས་པའི་བུ་སྒོ་དེ་ཕྱེས་ནས་ཚེ་འདས་ཀྱི་རྣམ་ཤེས་དེ་ཐར་པའི་ལམ་དུ་འདྲེན་ཐབས་བྱེད་པའི་གསང་སྔགས་ཀྱི་ཐབས་ལམ་ལ་བརྟེན་ནས་འཕོ་དགོས་པ་རེད། དེར་བརྟེན། འཕོ་བའི་སྦྱངས་རྟགས་ཐོན་པའི་བླ་མའམ། དགེ་བའི་བཤེས་གཉེན་ནམ། རྣལ་འབྱོར་གང་རུང་ཞིག་འཆི་ཁར་གདན་ཞུ་བྱས་ཏེ་ཕྱི་དབུགས་ཆད། ནང་དབུགས་མ་ཆད་པའི་བར་དེར་འཕོ་བ་ཞུ་ན་ལེགས། ཕྱི་དབུགས་ཆད་ནས་ཇ་ཡུན་གཅིག་ནས་ཉིན་ཞག་གསུམ་གྱི་བར་འཕོ་བ་འདེབས་པའི་དུས་ཚོད་ཡག་ཤོས་སུ་བརྩིས། གལ་ཏེ་བླ་མ་སོགས་གདན་ཞུ་མ་ཐུབ་ཚེ་རྒྱང་འཕོ་གནང་རོགས་ཞུ་དགོས་པར་མ་ཟད། ཕུང་པོའི་མགོའི་ཁ་ཕྱོགས་གཏད་ཡུལ་གསལ་པོ་ཞུ་དགོས། ཡང་བླ་མ་འགའ་ཞིག་ནས་འཕོ་རྫས་རིལ་བུ་གནང་སྲོལ་ཡོད་པས། རིལ་བུ་དེ་གནང་ན་ཚེ་འདས་ཀྱི་ཕུང་པོར་གཞན་གྱིས་ལག་པས་མ་རེག་གོང་ཁྱོ་ག་རིགས་བཟང་གཅིག་གིས་ལག་པ་བཀྲུས་ཏེ་འབྲི་མར་རམ། བ་མར་གང་རུང་ཚེ་འདས་ཀྱི་སྤྱི་གཙུག་ལ་སྦྱར། དེ་ལ་མཛོ་མོའི་མར་གྱི་སྦྱར་མི་རུང་སྟེ། དེ་ནི་རིགས་བཙོག་པར་རྩིས་སྲོལ་ཡོད་པས་རེད། དེའི་སྟེང་འཕོ་རྫས་རིལ་བུ་གཞག་དགོས། འཕོ་བ་གྲུབ་ནས་ཆུ་ཚོད་ཁ་ཤས་སོང་རྗེས་ཕུང་པོར་ལག་པ་ཐོག་མར་འཆང་བ་པོ་ནི་མི་སྡིག་མེད་ཅིག་གིས་ལག་པ་བཀྲུས་ཏེ་སྲིན་མཛུབ་ཀྱིས་ཕུང་པོའི་མགོའི་སྤྱི་གཙུག་གི་སྐྲ་ལ་འཐེན་ཞོར་འོད་མཚན་ནམ་ཡང་ན་མ་ཎི་སོགས་བཏོན་ནས་ཐེངས་གསུམ་འཐེན་རྗེས་ད་གཟོད་ལག་པས་འཆང་རུང་། ཚེ་འདས་ཀྱི་རྣམ་ཤེས་སྒོ་དགུ་གང་རུང་ནས་ཐོན་ཐུབ་ཀྱང་། སྤྱི་གཙུག་ཚངས་པའི་བུ་སྒོ་ནས་ཐོན་དཀའ་ཞིང་། དེ་ནས་ཐོན་ཐུབ་ན། སྡིག་པོ་ཆེ་ཡིན་ནའང་བདེ་འགྲོ་ལྷ་མིའི་རྟེན་བཟང་ཐོབ་པ་སོགས་ཕན་ཡོན་རྒྱ་ཆེར་གསུངས། གསང་སྔགས་ཀྱི་ཐབས་ལམ་ཟབ་མོ་འཕོ་བ་གནད་སྨིན་ཞུ་རྒྱུ་དེ་ཚེ་འདས་ཀྱི་དགེ་རྩ་གལ་ཆེ་ཤོས་ཤིག་ཡིན།

གལ་ཏེ་སེང་གེའི་ཉལ་སྟངས་ཀྱིས་འཆི་བ་ཡིན་ན་སྒོ་གཞན་རྣམས་རང་ཤུགས་ཀྱིས་བཀག་སྟེ་རྣམ་ཤེས་ཕྲ་མོ་སྤྱི་གཙུག་ནས་ཐོན་འགྲོ་བས་འདི་ལ་སྤྱོད་ལམ་གྱི་འཕོ་བ་ཞེས་གསུངས་ཡོད་པར་མ་ཟད། རང་སྟོབས་སམ། བླ་མའི་མན་ངག་བྱིན་མཐུར་བརྟེན་ནས་དག་ཞིང་དུ་འཕོ་ཐུབ་ཀྱི་ཡོད་གསུངས།

དེ་ནས་མི་ཤི་བའི་ཚེ་དྲོད་འོག་ནས་གོང་དུ་བསྡུས་བ་ཡིན་ན་མཐོ་རིས་སུ་འགྲོ་བའི་རྟགས་དང་གོང་ནས་འོག་ཏུ་བསྡུས་བ་ཡིན་ན་ངན་སོང་དུ་འགྲོ་བའི་རྟགས་སུ་བརྩིས། ཐོག་མར་སུས་ལག་པ་འཆང་ས་དེ་ནས་ཚེ་འདས་ཀྱི་རྣམ་ཤེས་ཕྲ་མོ་ཕྱིར་ཐོན་གྱི་ཡོད་པ་རེད། དེ་ཡང་སྐེད་པ་མན་ཆད་ངན་སོང་གི་གནས་དང་། སྐེད་པ་ཡན་ཆད་ནས་འཆང་ན་བདེ་འགྲོར་སྐྱེས་ཟེར་སྲོལ་ཡོད། རྣམ་ཤེས་ཐོན་སའི་སྒོ་ནི་དགུ་ཡོད། རྣམ་ཤེས་འཚོག་མ་ནས་ཐོན་ན་གཟུགས་མེད་སྐྱེ་མཆེད་མུ་བཞིའི་ལྷ་གནས་སུ་སྐྱེས། དེ་བཞིན་སྨིན་མཚམས་ནས་ཐོན་ན་གཟུགས་ཁམས་གནས་རིགས་བཅུ་བདུན་གྱི་ལྷ་གནས་སུ་སྐྱེས། ལྟེ་བ་ནས་ཐོན་ན་འདོད་ལྷ་རིགས་དྲུག་གི་ལྷ་གནས་སུ་སྐྱེས། རྣ་བ་གཉིས་ནས་ཐོན་ན་མི་འམ་ཅིར་སྐྱེས། སྣ་སྒོ་གཉིས་ནས་ཐོན་ན་གནོད་སྦྱིན་ལ་སྐྱེ། མིག་གཉིས་ནས་ཐོན་ན་མིར་སྐྱེ། ཁ་དང་གསང་གནས་ནས་ཐོན་ན་ཡི་དྭགས་སུ་སྐྱེས། ཆུ་ལམ་ནས་ཐོན་ན་དུད་འགྲོར་སྐྱེས། འོག་སྒོ་བཤང་ལམ་ནས་ཐོན་ན་དམྱལ་བར་སྐྱེ་བ་ཡིན། སྤྱི་གཙུག་ཚངས་པའི་བུ་ག་ནི་ཐར་པའི་སྒོ་ཡིན་པས་རྣམ་ཤེས་དེ་ནས་ཐོན་ཐུབ་ན་དག་པ་མཁའ་སྤྱོད་ཀྱི་གནས་སུ་སྐྱེས་གསུངས།

གསུམ་པ། བསྔོ་རྟེན་འབུལ་སྟངས་སྐོར།

དེ་ནས་བསྔོ་རྟེན་འབུལ་རྒྱུ་གྲ་སྒྲིག་མགྱོགས་པ་བྱ་དགོས། བསྔོ་རྟེན་འབྲི་སྟངས་ནི་འདི་ལྟར་ཏེ། བསྟན་པའི་རྒྱན་མཆོག་སྐྱབས་གནས་བླ་མ་རིན་པོ་ཆེའི་ཞབས་དྲུང་དུ། འཇིག་རྟེན་འདི་ནས་ཕྱི་མའི་ལམ་དུ་གྱུར་པ་ཆེ་གེ་མོའི་ཆེད་དུ་དར་དཀར་དང་། དངུལ་སྒོརxxབཅས་ཕུལ་བ་ལགས་ན་དེ་ཉིད་ཀྱི་གཙོས་མར་གྱུར་སེམས་ཅན་ཚེ་ལས་འདས་ཚད་ཚེ་རབས་འཁོར་བ་ཐོག་མེད་ནས་བྱས་བསགས་སྡིག་ལྟུང་ཅི་མཆིས་སྦྱངས་ཞིང་དག་ནས་དལ་རྟེན་རིམ་བརྒྱུད་བླ་མེད་རྫོགས་བྱང་མྱུར་དུ་ཐོབ་པའི་བསྔོ་སྨོན་སྐྱབས་འཇུག་བརྩེ་བས་གཟིགས་པ་མཁྱེན། མཁྱེན། ཞེས་འབྲི་དགོས།

བཞི་པ། ཆོ་ག་བྱེད་སྟངས་སྐོར།

འོག་ནས་དགེ་འདུན་པ་གདན་དྲངས་ཏེ་ཞི་ཁྲོ་སོགས་ཆོ་ག་རིམ་པ་གང་རྒྱས་དང་། མི་འཁྲུགས་པ་དང་། ཀུན་རིག་སོགས་ཡིད་དམ་གང་རུང་གི་སྒོ་ནས་བདག་འཇུག་བཞེས་ཏེ་ཉིན་ལྟར་སྦྱང་ཆོག་ཅེས་ཚེ་འདས་ཀྱི་སྡིག་པ་སྦྱོང་བའི་ཆོ་ག་བྱ་དགོས། ཚེ་འདས་ལ་ཟག་བཅས་ཀྱི་མངོན་ཤེས་ཡོད་པས་དགེ་འདུན་པ་ལ་མ་མཐའ་ཡང་ཚེ་འདས་ལ་སྙིང་རྗེའི་སྐུལ་སློང་ཞིག་ཅི་ནས་ཀྱང་ཡོད་དགོས། གལ་ཏེ་དེ་འདྲ་མེད་ན་ཚེ་འདས་ཀྱིས་ཞེ་སྡང་སོགས་མ་དད་པ་སྐྱེས་ནས་མར་ངན་སོང་དུ་ལྷུང་བའི་ཉེན་ཁ་ཆེ། དེར་བརྟེན་གཤིན་མཆོད་སྒྲུབ་དུས་གྲངས་ཀའི་མང་ཉུང་དང་སྒོར་མོའི་འགྲོ་སོང་མང་ཉུང་མི་གཙོ་སྟེ། གལ་ཆེ་བ་ནི་སྙིང་རྗེ་དང་བྱང་ཆུབ་སེམས་ཀྱིས་བརྩིས་ཟིན་པའི་སྒོ་ནས་ཆོས་སྤུས་དག་ཅིག་བསྒྲུབ་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་དེའོ།།

ལྔ་པ། ཕུང་པོ་ཕྱིར་མ་ཕུད་སྔོན་ག་འདྲ་བྱེད་དགོས་མིན་སྐོར།

ཚེ་འདས་དེ་ཉིད་ཀྱི་ཕུང་པོ་ཕྱིར་ཕུད་ཚེ་ཚེས་ཆ་ཇི་ལེགས་དང་། སླར་ཤུལ་དུ་ལུས་པའི་མི་རྣམས་ལ་འཚུབ་ཆའི་ཉེས་སྐྱོན་མི་འབྱུང་བའི་གཏོ་བཅོས་བྱེད་པའི་ཆེད་དུ་འདས་དུས་རྩིས་པ་བཙལ་ནས་རྩིས་བརྒྱབ་སྟེ་ཉིན་ཞག་ག་ཚོད་འཇོག་དགོས་མིན་དང་དུས་ཚོད་ནམ་ལ་ཕུད་དགོས་མིན་བལྟ་དགོས། མ་མཐའ་ཡང་ཉིན་ཞག་གསུམ་ལ་ཕྱིར་ཕུད་མི་རུང་། ཕུང་པོའི་ལུས་དང་ཁྱད་པར་རུས་ཚིགས་རྣམས་ལ་རིལ་བུ་བཏབ་ན་མཉེན་མོར་གྱུར་པས་ལག་ལེན་བདེ། ཁ་སྣ་སོགས་སུ་མར་རམ་སྤགས་ནང་དུ་གསེར་དངུལ་སོགས་རིན་པོ་ཆེ་བླུགས་ནས་བཀག། དེ་ནས་ཉམས་མྱོང་ཡོད་པའི་མི་ཞིག་དང་རོགས་བྱེད་མཁན་ཚོས་ཕུང་པོ་རྩྭ་ཐག་གིས་དམ་པོར་བསྡམས་ཏེ་རས་དཀར་པོ་ཞིག་གིས་བཏུམས་ནས་འཆི་སའི་ཁང་པ་དེའི་ཟུར་ཁུག་ཏུ་ས་ཕག་གམ་ཤིང་ལེབ་འགའ་ཤས་བསྒྲིགས་པའི་སྟེང་དུ་བཞག། དེ་ལྟར་མ་བྱས་པར་གདན་ཁྲིའམ་ས་གང་རུང་སྟེང་བཞག་ན་དེར་དུར་ས་ཆགས་ཏེ་རྗེས་སུ་ཁང་པ་དེ་ནང་མི་བདེ་བ་ཡོང་གི་རེད་ཅེས་ཟེར་སྲོལ་འདུག། རྩྭ་ཐག་གིས་བསྡམས་པའི་རྒྱུ་མཚན་ནི་གཅིག་ཏུ་རོ་ལངས་མི་རྒྱག་པའི་ཆེད་དུ་ཡིན། གཉིས་ནི་རྩྭ་ཐག་དེ་འཇིག་སླ་ལ་རྩ་མེད་འགྲོ་སླ་བས་ཡིན། དེ་མིན་ཕུང་པོ་དུར་འདོན་མ་བྱས་པའི་སྔོན་ལ་ཕུང་པོའི་འཁྲིས་སུ་ཁྱི་དང་བྱི་ལ་མི་འགྲོ་བ་བྱ་དགོས། ལྷག་པར་བྱི་ལ་མ་ཤོར་བ་གཟབ་ནན་བྱེད་སྲོལ་འདུག། གང་ལགས་ཞེ་ན། སེམས་ཅན་དེ་ཚོའི་སྤུ་ལ་གྲ་ཡོད་པས་ཕུང་པོ་སྟེང་དུ་ཤོར་ན་གདོན་བཞུགས་ཏེ་རོ་ལངས་རྒྱག་གི་རེད་ཟེར་སྲོལ་ཡོད།

དྲུག་པ། ཕུང་པོ་ཕྱིར་འདོན་སྐབས་ཀྱི་འཛེམ་བྱ།

སྒོ་ལ་མི་ཁེག་པ་དང་ཀ་བ། ཐབ་ཀ། སྐས། ཐག་པ་བཅས་ལ་ཐུག་མི་རུང་། གང་ལགས་ཞེ་ན། གཤིན་པོའི་རྣམ་ཤེས་དེ་ལ་ཆགས་ནས་ཉེ་ཚེ་བའི་དམྱལ་བ་སྐྱེས་ཞེས་གསུངས་ཡོད། མངོན་པ་ལས། སྒོ་དང་ཀ་བ་ཐབ་དང་ཐག་པ་སོགས།།རྟག་ཏུ་བགོ་ཞིང་སྤྱོད་པའི་ཉེ་ཚེ་བ། ཞེས་གསུངས་སོ།།

བདུན་པ། ཞེ་དགུ་འདེད་སྟངས་སྐོར།

ཞེ་དགུ་བརྩི་སྲོལ་མི་འདྲ་བ་ཡོད་ཀྱང་ཀུན་རིག་ལས་ཤི་བའི་ཉིན་མོ་ནས་བརྩི་དགོས་པ་བསྟན་ཡོད། ཞེ་དགུའི་བདུན་ཚིགས་རེའི་བླ་མ་དེ་བརྗེ་ཐུབ་ན་ཡག་པོ་ཡིན་ཞིང་། བླ་མ་གཅིག་གིས་ཞེ་དགུར་ཁ་ཚང་འདུག་པ་ནི་དེ་ཙམ་མི་ལེགས་ཏེ། བདུན་རེར་ཚེ་འདས་ཀྱི་མིང་བྱང་ལ་བརྟེན་ནས་སྒྲིབ་པ་སྦྱངས་བའི་ཕྱིར་དུ་བགེགས་བསྐྲད་དང་ཁྲུས། ངོ་སྤྲད་པ་སོགས་བྱེད་དགོས་པས། བདུན་དང་པོའི་བླ་མ་དེ་ལ་ལས་འཕྲོད་དེ་ཙམ་མེད་ན་བདུན་རྗེས་མའི་བླ་མ་དང་ལས་འཕྲོད་བྱུང་བའམ་བླ་མའི་རྒྱུད་ཀྱི་རྣམ་རྟོག་དེ་ཙམ་མི་འབྱུང་བའི་ཆེད་ཡིན་ནམ་སྙམ། བདུན་ཚིགས་ཉིན་དེར་མ་མཐར་ཡང་དགེ་འདུན་བཞི་རེ་ཡན་ཡོད་ན་བཟང་ངོ།།

  • ལེ་ཚན་སྔོན་མ།:འདས་མཆོད་ཀྱི་ཆོ་ག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།