ཡུལ་སྐོར་ཁོར་ཡུག་སྔར་མེད་ལེགས་སུ་ཕྱིན།། བཀའ་དྲིན་ཞུ་བའི་འཕྲིན་ཡིག་དྲྭ་ཐོག་ཁྱབ།།

བདེ་སྐྱིད་ཀྱིས་བསྒྱུར།        2023-06-16

རྟའུ་རྫོང་གི་མི་ཚང་མ་ཡུལ་སྐོར་ཁོར་ཡུག་འཕོ་འགྱུར་ཆེན་པོ་ཡོང་བའི་ཁྲོད་ཞུགས་པའི་གནས་ཚུལ་རགས་བཀོད།

ཡུལ་སྐོར་ཁོར་ཡུག་སྔར་མེད་ལེགས་སུ་ཕྱིན།། བཀའ་དྲིན་ཞུ་བའི་འཕྲིན་ཡིག་དྲྭ་ཐོག་ཁྱབ།།
དང་བླངས་པས་ཡུལ་སྐོར་བ་ཁྲིད་ནས་ཞིང་པའི་ཁྱིམ་དུ་ངལ་གསོ་བཞིན་པའི་ཚུལ།

ཉེ་ཆར།རྟའུ་རྫོང་ཡུལ་སྐོར་ལས་རིགས་པས་རྟའུ་རྫོང་ལ་བསྐུར་པའི་འཕྲིན་ཡིག་ཅིག་དྲྭ་ཐོག་ནས་ཁྱབ་ཚད་ཧ་ཅང་ཆེ།འཕྲིན་ཡིག་གི་ཡི་འབྲུ་རེ་རེ་ནས་རྟའུ་ཡི་མཛེས་ལྗོངས་ལ་སེམས་ཆགས་པ་དང་ཞབས་ཞུ་སྤུས་དག་ལ་བསྟོད་ཡོད་པ་ཤེས་ཐུབ།

དྲོ་སྐྱིད་ལྡན་པའི་འཕྲིན་ཡིག་དེ་ལས་རྟའུ་རྫོང་གི་མང་ཚོགས་ཚང་མ་ཡུལ་སྐོར་ཁོར་ཡུག་ལ་འཕོ་འགྱུར་ཆེན་པོ་ཡོང་བར་སྐུལ་འདེད་གཏོང་བའི་བྱ་སྤྱོད་ནང་ཞུགས་ཡོད་པའི་དར་སྲོལ་བཟང་པོ་དང་།རྟའུ་རྫོང་ཡུལ་སྐོར་སྤུས་ཚད་ཇེ་ཡག་ཇེ་བཟང་དུ་གཏོང་བའི་ཆོད་སེམས་དང་ཏན་ཏིག་གི་བྱ་ཐབས་མཚོན་ཐུབ་ཀྱི་ཡོད།

ད་ལོའི་ལྔ་གཅིག་དུས་ཆེན་སྐབས་སུ་ང་ཚོས་བྱེད་སྒོའི་ཡུལ་དངོས་སུ་དང་བླངས་ཞབས་ཞུ་སྤེལ་བའི་དམིགས་ཡུལ་ནི་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བ་སྐྱིད་པོ་བདེ་མོའི་ངང་འཁྱམ་ཐུབ་ཆེད་ཡིན།ང་ཚོས་བསྒྲུབ་དགོས་ངེས་ཀྱི་བྱ་བ་བསྒྲུབས་ཡོད།བསམ་ཡུལ་ལས་འདས་པ་ཞིག་ལ་མོ་རང་གིས་ད་དུང་གཟབ་ནན་གྱི་སྒོ་ནས་ང་ཚོར་འཕྲིན་ཡིག་བྲིས་འདུག།དང་བླངས་པ་བྱས་ནས་བྱ་བ་རྩག་རྩིག་བསྒྲུབས་པར་ཤུགས་རྐྱེན་ཆེན་པོ་དེ་འདྲ་ཐེབས་པ་དྲན་མ་བྱུང་ཞེས་པ་ནི་རི་ཀླུང་འཚོལ་ཞིབ་ཅེས་པའི་བྱེད་སྒོ་སྤེལ་བའི་ཚེ།རྟའུ་རྫོང་ཡུལ་སྐོར་ལས་རིགས་གཉེར་མཁན་ཧྥན་མའེ་ཡུལ་སྐོར་ལས་རིགས་ལ་རོགས་རམ་བྱས་ཏེ་ཁ་བ་མཐུག་པོ་པུས་མོ་ནུབ་པའི་ཁྲོད་བྱེད་སྒོ་སྤེལ་ཚུལ་ལ་ཕྱིར་དྲན་བྱེད་པའི་ཚེ་རྟའུ་རྫོང་ཁུག་ཆ་ཡུལ་ཤོག་གི་ཏང་ཨུ་ཧྲུའུ་ཅི། ཡུལ་དཔོན་ཧུའུ་ཅིན་ལེན་གྱིས་བཤད་པའི་སྐད་ཆ་རེད།

བྱེད་སྒོ་སྤེལ་རིང་རྟའུ་རྫོང་གི་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་ཀྱི་དང་བླངས་པ་ཁག་གཅིག་གིས་ས་བབ་མཐོ་བའི་རི་བོའི་ཉག་ཁར་ལམ་ཟུར་གྱི་རྡོ་ཧྲུག་བསལ་བ་དང་།ཁག་གཅིག་གིས་དངོས་ཟོག་སྐྱེལ་འདྲེན་བྱེད་རོགས་བྱས་པ།ཁག་གཅིག་གིས་དང་བླངས་བློ་འདྲིའི་ཞབས་ཞུའི་ས་ཚུགས་བསྲུངས་ནས་འགྲོ་འོང་བྱེད་མཁན་ཡུལ་སྐོར་བར་ཡུལ་སྐོར་བློ་འདྲིའི་ཞབས་ཞུ་དང་།གསོ་རླུང་།ཟས་རིགས་སོགས་མཁོ་འདོན་བྱས་པ་རེད།

དང་བླངས་པ་ཚོའི་ཞིབ་ཚགས་ལ་སྙིང་ཉེ་བའི་ཞབས་ཞུ་དང་ཧྥན་མའེ་ཡུལ་སྐོར་ལས་རིགས་ཀྱི་ཧོ་ལིའི་སེམས་ལ་དྲོ་ཁོལ་བྱིན།ཁྱེད་ཚོས་ང་ཚོའི་ད་ཐེངས་ཀྱི་བྱེད་སྒོར་སྒེར་སེམས་མེད་པའི་རོགས་རམ་བྱས་པར་ཐུགས་རྗེ་ཆེ།བྱེད་སྒོ་སྤེལ་རིང་ངས་ཁྱེད་ཚོས་བྲང་ཁར་ཏང་རྟགས་བཏགས་པ་དང་དང་བླངས་པའི་ཤ་འགག་གྱོན་ནས་བློ་འདྲི་དང་རོགས་སྐྱོར་བྱེད་རོགས་ཟེར་མཁན་སྐུ་མགྲོན་ཚང་མར་སྤྲོ་སེམས་འཁོལ་བའི་ངང་སྣེ་ལེན་ཞུ་བའི་ཚུལ་དངོས་སུ་མཐོང་བྱུང་ཞེས་དྲོ་སྐྱིད་ཀྱིས་ཁེངས་པའི་འཕྲིན་ཡིག་ཏུ་མོས་དེ་ལྟར་བྲིས་ཡོད།མོ་རང་གིས་རྟའུ་རྫོང་ཨུ་དང་རྫོང་སྲིད་གཞུང་དང་དེ་བཞིན་དང་བླངས་པ་ཚོའི་སྤྲོ་སེམས་འཁོལ་བའི་ཞབས་ཞུའི་རྣམ་འགྱུར་དང་ནན་ཏན་གྱི་ལས་ཀའི་སྤྱོད་ཚུལ་ལ་བསྔགས་བརྗོད་ཆེན་པོ་བྱས་པ་རེད།

ཡུལ་སྐོར་ཁོར་ཡུག་སྔར་མེད་ལེགས་སུ་ཕྱིན།། བཀའ་དྲིན་ཞུ་བའི་འཕྲིན་ཡིག་དྲྭ་ཐོག་ཁྱབ།།
སྨན་བཅོས་མི་སྣས་ཡུལ་སྐོར་བར་སྨན་བཅོས་བྱེད་བཞིན་པའི་ཚུལ།

རྟའུ་རྫོང་ནི་རི་ཀླུང་འཚོལ་ཞིབ་ཅེས་པའི་བྱེད་སྒོའི་སྤེལ་ཡུལ་དང་པོ་ཡིན་པས།ཕྱོགས་ཁག་གིས་མཐོང་སྣང་ཧ་ཅང་ཆེན་པོ་བྱེད་བཞིན་ཡོད་ཅིང་།བྱེད་སྒོར་ཞུགས་མཁན་སྐུ་མགྲོན་ཚོ་ནི་རྒྱལ་ནང་གི་འཕྲིན་སྦྱོར་གྲགས་ཅན་ཆེ་གྲས་ཁག་ནས་ཡོང་མཁན་ཡིན།ང་ཚོར་སྣེ་ལེན་གྱི་ལས་འགན་འབྱོར་བ་ནས་ལག་ལེན་དངོས་སུ་བསྟར་བའི་བར་གྲ་སྒྲིག་དུས་ཚོད་གཟའ་འཁོར་གཅིག་མ་གཏོགས་མེད།ངས་སེམས་ཁྲལ་བྱེད་པའི་དུས་སུ་རྟའུ་རྫོང་ཨུའི་དྲིལ་བསྒྲགས་པུའུ་ཡི་ཁ་པར་འབྱོར་བྱུང་།ཁོ་ཚོས་སྣེ་ཁྲིད་ནས་འབྲེལ་ཡོད་སྡེ་ཚན་བསྡུས་ཏེ།འབྲེལ་གཏུག་གྲོས་ཚོགས་འཚོགས་ནས་ཐེངས་འདིའི་བྱེད་སྒོ་བཀོད་སྒྲིག་བྱས་པ་རེད།ཚོགས་འདུ་ལས་ང་ལ་བག་ཆགས་ཟབ་ཤོས་ཐེབས་པའི་ཤིག་ནི་ཁོ་ཚོས་སྐུ་མགྲོན་ཚོ་རྟའུ་རྫོང་དུ་ཕེབས་པར་རྟའུ་ཡི་སྡེ་ཁག་སོ་སོས་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་པའི་མྱོང་ཚོར་སྟེར་དགོས་པས་སྡེ་ཁག་སོ་སོས་ཤུགས་ཡོད་རྒུས་ད་ཐེངས་ཀྱི་བྱེད་སྒོར་གཞོགས་འདེགས་བྱ་རྒྱུ་ཡིན་ཞེས་པའི་སྐད་ཆ་དེ་རེད།ཧོ་ལིས་གསར་འགོད་པར་ས་གནས་དེ་གའི་ཏང་ཨུ་དང་སྲིད་གཞུང་གིས་ང་ཚོ་ཡུལ་སྐོར་ཁེ་ལས་ཆུང་གྲས་ཤིག་ལ་ཁས་ལེན་དང་རྒྱབ་སྐྱོར་ཆེན་པོ་དེ་འདྲ་བྱས་པ་ནི་ང་ཚོའི་བསམ་ཡུལ་ལས་འདས་སོང་ཞེས་བཤད་པ་རེད།

ཧོ་ལི་ཡིས་ཚོགས་འདུ་གྲོལ་རྗེས་འབྲེལ་ཡོད་སྡེ་ཁག་དང་ཡུལ་ཤོག་ཚང་མས་མ་སྐུལ་དང་ལེན་ངང་ང་དང་འབྲེལ་བ་བྱས་ནས་མི་རིང་བར་ངས་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད་པའི་བྱེད་སྒོ་སྤེལ་ཡུལ་གྱི་གནད་དོན་ཐག་གཅོད་ཡག་པོ་ཐུབ་སོང་།རྟའུ་རྫོང་གི་རིམ་པ་ཁག་དང་སྡེ་ཁག་སོ་སོའི་ལས་ཕྱོད་ཧ་ཅང་ཆེ་ཞིང་ཡག་པོ་འདུག།དང་བླངས་པ་ཚོས་གངས་རླུང་ལ་ཁ་གཏད་གཅོག་ནས་ལམ་འགྲམ་དུ་ཆར་རླུང་འགོག་མི་ཐུབ་པའི་སྟབས་བདེའི་གུར་ནང་དུ་མགྱོགས་ཐུག་བཟས་ནས་ལས་རེས་བྱེད་པ་དང་།ཡུལ་ཤོག་གི་ཏང་ཨུ་ཧྲུའུ་ཅི་དང་ཡུལ་དཔོན་གྱིས་ང་ཚོར་དངོས་ཟོག་ཁུར་རོགས་དང་སྐུ་མགྲོན་སྐྱོར་རོགས་བྱས་པ་མཐོང་སྐབས་ང་ལ་དངོས་གནས་སེམས་འགུལ་ཆེན་པོ་ཐེབས་བྱུང་ཞེས་བཤད་པ་རེད།

རྟའུ་རྫོང་ཨུའི་དྲིལ་བསྒྲགས་པུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ད་ལོ་ནས་བཟུང་།རྟའུ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཡུལ་སྐོར་བས་གཙོ་བོར་བྱེད་པའི་འདུ་ཤེས་བརྟན་པོར་བཅངས་ནས་ལྗོངས་ཁུལ་གྱི་ཁོར་ཡུག་མཛེས་བཟོ་དང་ཞབས་ཞུ་མི་གཤིས་ཅན།སྒྲིག་ལམ་ཚད་ལྡན་ཅན་ལ་དམིགས་ཏེ་རྫོང་ཡོངས་ཀྱི་ཡུལ་སྐོར་ཁྲོམ་ར་ཕྱོགས་བསྡུས་བཅོས་སྒྲིག་ཤུགས་ཆེན་བྱས་ནས་ཡུལ་སྐོར་བའི་མྱོང་རོལ་ལ་བློ་ཡིད་ཚིམ་ཚད་རྒྱུན་མི་ཆད་པར་ཆེ་རུ་གཏང་དགོས་ཞེས་བཏོན་པ་དང་།ང་ཚོ་ཚང་མ་དེའི་ནང་ཞུགས་མཁན་དང་སྐུལ་འདེད་བྱེད་མཁན་བྱ་རྒྱུ་ཡིན།ཡུལ་སྐོར་བའི་ཞབས་ཞུ་ཡག་པོ་བསྒྲུབ་རྒྱུ་ནི་ང་ཚོ་མི་རེ་ངོ་རེ་ནི་དཔེ་སྟོན་མཁན་རེ་རེ་ཡིན།རྟའུ་རྫོང་གི་ཚབ་བྱེད་བཞིན་ཡོད་པར་མ་ཟད།དཀར་མཛེས་ཁུལ་གྱི་ཚབ་ཀྱང་བྱེད་བཞིན་ཡོད།ང་ཚོས་ཞབས་ཞུ་མུ་མཐུད་དེ་ཡག་པོ་བྱས་ནས་རྟའུ་རྫོང་དུ་ཡུལ་སྐོར་ཡོང་མཁན་ཡུལ་སྐོར་བ་ཚང་མ་དགའ་སྤྲོའི་ངང་ཡོང་བ་དང་བློ་བདེ་བའི་ངང་ཕ་ཡུལ་དུ་ཕྱིར་ལོག་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

ད་ལོ་ནས་བཟུང་།རྟའུ་རྫོང་གིས་ཡུལ་སྐོར་ཁོར་ཡུལ་ཕྱོགས་བསྡུས་བཅོས་སྒྲིག་དང་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྒྲིག།རྒྱལ་ས་ཐོན་ཁུངས་ཕྱོགས་བསྡུས་བཅོས་སྒྲིག་བཅས་བཅོས་སྒྲིག་ཁག་གསུམ་དམ་འཛིན་བྱ་གཞིར་བྱས་ཏེ།སྔོན་རྗེས་སུ་ཇ་ཁང་དང་དམངས་སྤྱོད་ཁང་།ཨར་ཁང་།ལྗོངས་ཁུལ།མཚན་ཟས་ཁང་།རོལ་རྩེད་ཁོང་སོགས62ལ་ཞིབ་བཤེར་བྱས་པ་དང་།ཁྲིམས་འགལ་བྱ་སྤྱོད་སྣ་ཚོགས85ལ་ཞིབ་བཤེར་ཐག་བཅད་པ།བཅོས་སྒྲིག་བྱ་རྒྱུར་ཆོག་མཆན་མ་ཐོབ་པར་སྔོན་ལ་འཛུགས་སྐྲུན་བྱས་པ་སོགས་ཀྱི་སྒྲིག་འགལ་བྱ་སྤྱོད་ཁག26ལ་ཞིབ་བཤེར་བྱས་ཡོད།རིམ་རྩིས་བྱས་ན་གཏན་འཇགས་རྒྱུ་ནོར་གྱི་དབང་ཆ་གཏན་འཁེལ་ཐོ་འགོད600ལྷག་ཟིན་ཐོར་བཀོད་ཅིང་།གྲོང་ཁྱེར་གྱི་རྣམ་པར་ཤུགས་རྐྱེན་ཐེབས་པའི་ཚོང་ཁང་སྣ་ཚོགས་ཀྱི་སྒོ་བྱང་དང་ཚོང་ཁང200ལྷག་གཙང་བཤེར་དང་ཚད་ལྡན་དུ་བཟོས་ནས་ཡུལ་སྐོར་བར་མྱོང་རོལ་གྱི་ཚོར་སྣང་སྔར་བས་ཡག་པོ་ཡོང་བ་བྱས་ཡོད།རྫོང་དེས་ཞབས་ཞུའི་མི་གཤིས་རང་བཞིན་ལ་དམིགས་ནས་དང་བླངས་ཞབས་ཞུ་དང་།ཚད་ལྡན་ཞབས་ཞུ།ཞིབ་ཚགས་ཞབས་ཞུ་བཅས་ཡག་པོ་བྱས་ཏེ།རྫོང་ཡོངས་ཀྱིAརིམ་པའི་ལྗོངས་ཁུལ་གྱི་འཇུག་སྒོ་དང་ལམ་བར་གྱི་ཡུལ་ཤོག་ཏུ་དང་བླངས་ཞབས་ཞུའི་ས་ཚུགས་དང་།སྨན་བཅོས་ཞབས་ཞུའི་སྟེགས་བུ།ཡུལ་སྐོར་བའི་བློ་འདྲིའི་ཞབས་ཞུའི་ས་ཚུགས་སོགས་ཞབས་ཞུའི་སྟེགས་བུ་སྣ་ཚོགས་ཁྱོན་བསྡོམས62བཙུགས་ནས་ཡུལ་སྐོར་བར་འཕྲལ་མར་སྙིང་ཉེ་བའི་ཞབས་འདེགས་ཞུ་རྒྱུར་འགན་ལེན་བྱས་པ་རེད།

རྟའུ་རྫོང་དུ་མི་ཚང་མ་མ་སྐུལ་དང་ལེན་ངང་ཡུལ་སྐོར་ཁོར་ཡུག་ལ་འཕོ་འགྱུར་ཆེན་པོར་ཡོང་བའི་ཁྲོད་དུ་ཞུགས་གང་ཐུབ་བྱེད་པའི་དར་སྲོལ་བཟང་པོ་ཞིག་ཆགས་ཡོད།།




  • ལེ་ཚན་སྔོན་མ།:ཉག་རོང་རྫོང་གིས་ཐབས་སྣ་མང་ངང་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བྱས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།