མི་རིགས་མཐུན་སྒྲིལ་སྐོར་གྱི་སྒྲོག་འགྲེལ་ཆེན་པོ་ལ་དགའ་བསུ་ཆེན་པོ་ཐོབ།

    རྟ་མགྲིན་རྡོ་རྗེས་བསྒྱུར།    2023-06-12

མི་རིགས་མཐུན་སྒྲིལ་སྐོར་གྱི་སྒྲོག་འགྲེལ་ཆེན་པོ་ལ་དགའ་བསུ་ཆེན་པོ་ཐོབ།

སྤྱི་ཟླ5པ་ནས་བཟུང་། འཁྲུག་ཆ་དོད་ཅིང་རྣམ་པ་གསར་པའི་ཁྱད་ཆོས་ལྡན་པའི“ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་དམ་པོར་བཅངས་ཤིང་། མི་རིགས་མཐུན་སྒྲིལ་སྐོར་གྱི་སྒྲོག་འགྲེལ་ཆེན་པོའི”བྱེད་སྒོ་སྣ་ཚོགས་རང་ཁུལ་ས་གནས་ཁག་ཏུ་གསོན་ཉམས་ལྡན་པའི་ངང་སྤེལ་བ་རེད། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་རིགས་སོ་སོའི་མི་རིགས་མཐུན་སྒྲིལ་སྒྲོག་འགྲེལ་ཚོ་ཆུང་གིས་སྒྲོག་འགྲེལ་བྱེད་སྟངས་གསར་གཏོད་དང་སྒྲོག་འགྲེལ་གྱི་ཕན་འབྲས་དང་ཁྱབ་རྒྱ་ཆེ་རུ་གཏོང་བ་བཅས་ཀྱི་ཐད་སེམས་ནུས་ཡོད་རྒུ་བཏོན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་དང་ཏང་གི་མི་རིགས་སྲིད་ཇུས། དེ་བཞིན་ཏང་གི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་ཤོས་བཅས་མི་སེར་དཀྱུས་མའི་ཁྱིམ་དུ་ཁྱབ་པར་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་རིགས་སོ་སོའི་མང་ཚོགས་ཀྱི་སེམས་ནང་དུ་ཟུག་པར་བྱས།

དཔལ་ཡུལ་རྫོང་བླ་རུ་ཁོག་དང་གསེར་རྟ་རྫོང་ཙེ་ཝུའུ་གྲོང་སྡེ། སེར་ཤུལ་རྫོང་སེར་ཤུལ་གྲོང་རྡལ་སོགས་དབྱར་རྩྭ་དགུན་འབུ་བརྐོ་གནས་སུ་ཏང་མིའི་གནས་སྐབས་ཏང་ཀྲི་པུའུ་དང་སྐྱ་མི་སྒྲོག་འགྲེལ་རུ་ཁག་སོགས་སྒྲོག་འགྲེལ་ཡན་ལག་རུ་ཁག་ཆུང་གྲས་ཀྱིས་དབྱར་རྩྭ་དགུན་འབུ་བརྐོ་བའི་བར་གསེང་ལ་བརྟེན་ནས་བོད་རྒྱ་སྐད་གཉིས་ཀྱི་ཐོག་ནས་ཞིང་འབྲོག་མང་ཚོགས་ལ་མི་རིགས་རིག་གནས་དང་མི་རིགས་སྲིད་ཇུས། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་བསྒྲགས་ཏེ་རྒྱལ་གཅེས་རིང་ལུགས་གཙོས་པའི་མི་རིགས་མཐུན་སྒྲིལ་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་བས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ཡུལ་གྲུ་ཀུན་ཏུ་བཞད།

དཀར་མཛེས་རྫོང་མི་རིགས་སློབ་འབྲིང་དང་སྡེ་དགེ་རྫོང་མ་ཎི་གད་འགོ་ཞག་སྡོད་སློབ་གྲྭ། ལི་ཐང་རྫོང་བྱིས་སློབ་ཁང་སོགས་སློབ་གྲྭར་སྲིད་གྲོས་ཨུ་ཡོན་དང་སློབ་གྲྭའི་དགེ་རྒན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་དམ་པོར་བཅང་བ་དེ་སློབ་ཁྲིད་ཀྱི་ནང་དོན་དང་བྱེད་སྒོ་ཁག། སློབ་གྲྭའི་རིག་གནས་བཅས་ནང་མཉམ་འདྲེས་བྱ་རྒྱུ་མཐའ་འཁྱོངས་ནས་སློབ་ཁང་དུ་སློབ་ཁྲིད་དང་སྤྱི་ཚོགས་ཀྱི་ལག་ལེན། སྙིང་དོན་སློབ་གསོ་བཅས་གཞི་གཅིག་ཅན་གྱི་སློབ་གསོའི་ལས་སྟེགས་དང་མི་སྣ་གསོ་སྐྱོང་གི་རྣམ་པ་ཞིག་བཏོད་དེ་རྒྱ་ཆེ་བའི་དགེ་སློབ་ཚོས་ཀྲུང་ཧྭ་མི་རིགས་དང་ཀྲུང་ཧྭ་ཤེས་དཔལ་གྱི་འབྱུང་ཁུངས། ལོ་རྒྱུས་ཀྱི་བརྒྱུད་རིམ་བཅས་ལ་ངོས་འཛིན་ཡང་དག་ཐུབ་པ་བྱས་ནས་ཁོ་ཚོས་ཀྲུང་ཧྭ་མི་རིགས་ལ་བཅངས་པའི་ངོས་འཛིན་གཅིག་མཐུན་གྱི་འདུ་ཤེས་དང་ཁོངས་གཏོགས་འདུ་ཤེས། སྤོབས་པའི་འདུ་ཤེས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་རེད།

རོང་བྲག་རྫོང་གི་ཞི་ཧོ་ཟམ་པ་དང་བྲག་འགོ་རྫོང་དབང་སྐོར། འདབ་པ་རྫོང་གི་དགའ་གཡང་སོགས་སྤྱི་ཁུལ་དུ་སྒྲོག་འགྲེལ་རྐང་འཛིན་པ་ཚོས་སྤྱི་ཁུལ་མང་ཚོགས་ཀྱི་དགོས་མཁོ་དངོས་དང་ཟུང་འབྲེལ་བྱས་ཏེ་གོ་བདེ་ཤེས་སླའི་བྱ་ཐབས་ཐོག་ནས་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་བྱས་ཏེ་སྤྱི་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་མི་རིགས་མཐུན་སྒྲིལ་གྱི་བསམ་བློའི་འདུ་ཤེས་ཟབ་ཏུ་བཏང་སྟེ་མི་རིགས་མཐུན་སྒྲིལ་གྱི་རྩ་བ་མང་ཚོགས་ཀྱི་སེམས་སུ་ཟུག་པར་བྱས།

དར་མདོ་གྲོང་ཁྱེར་ཞིང་ཚོང་དངུལ་ཁང་དང་འབའ་ཐང་རྫོང་ཞིང་ལས་དངུལ་ཁང་སོགས་གཞུང་ཁོངས་ཁེ་ལས། དར་མདོ་གྲོང་ཁྱེར་ཐེན་ལུང་གློག་ཆས་དང་ལྕགས་ཟམ་རྫོང་བུམ་པ་ཡུལ་ཤོག་གི་ཧྲི་ལི་ཞང་མགྲོན་ཁང་། སན་སུའུ་མགྲོན་ཁང་། ཧོང་ཆའོ་མགྲོན་ཁང་། མེ་ཀྲོའུ་མགྲོན་ཁང་། དཀར་མཛེས་ཁུལ་ཚེ་རིང་ཨར་སྐྲུན་སྤྱི་གཉེར་ཁང་། ཐེན་ཏི་ཧོ་རྒྱ་ཁོག་སོགས་དམངས་གཉེར་ཁེ་ལས། ཁུལ་དང་རྫོང་གི་སྲིད་གྲོས་ཨུ་ཡོན་དང་ཁེ་ལས་ཀྱི་འགན་འཁུར་བ་བཅས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་དམ་པོར་བཅང་བས་གཙོ་ཕྱོགས་སུ་བྱས་ནས་ཁེ་ལས་ལས་བཟོར་ཏང་གི་མི་རིགས་སྲིད་ཇུས་བསྒྲགས་པ་དང་། ཁེ་ལས་ལས་བཟོ་པས་བདེ་སྡུག་མཉམ་མྱོང་དང་ཁྲེལ་གྲགས་མཉམ་ཁུར། མཉམ་ཤི་མཉམ་གནས། ལས་དབང་མཉམ་འཁུར་བཅས་ཀྱི་ཐུན་མོང་སྒྲིག་གཞིའི་འདུ་ཤེས་བརྟན་པོ་བཅང་པར་ཁྲིད་སྟོན་ཧུར་ཐག་བྱས་ཏེ། ལས་བཟོ་པར་ཆབ་སྲིད་དང་བསམ་བློ། བྱ་སྤྱོད་བཅས་ཀྱི་ཐད་ཏང་ཀྲུང་དབྱང་དང་གཅིག་མཐུན་ཡོང་བར་སློབ་གསོ་ཧུར་ཐག་བཏང་བ་རེད།

གསེར་རྟ་རྫོང་ཙེ་ཝུའུ་གྲོང་སྡེའི་མང་ཚོགས་སྟག་པོས“དབྱར་རྩྭ་དགུན་འབུའི་བརྐོ་བའི་ས་ཚུགས་སུ་སྒྲོག་འགྲེལ་བྱེད་པ་དེས་ང་ཚོས་དབྱར་རྩྭ་དགུན་འབུ་འཐུ་རྒྱུར་འགོར་འགྱངས་མ་བཏང་བར་ཏང་གི་སྲིད་ཇུས་བཟང་པོར་གོ་བ་དེ་བས་ཡག་པོ་ལེན་ཐུབ་པས་སྒྲོག་འགྲེལ་བྱེད་སྟངས་དེ་རིགས་ལ་ང་ཚོས་དགའ་བསུ་ཆེན་པོ་ཞུ་རྒྱུ་ཡིན”ཞེས་བཤད། ཁོ་ཉིན་གང་བོར་དབྱར་རྩྭ་དགུན་འབུ་འཐུ་བར་འགྲོ་གི་ཡོད། ལས་ཀར་བྲེལ་བ་ཆེ་བས་གསར་འགྱུར་ལ་ལྟ་ཁོམ་གཏན་ནས་མི་འདུག། སྐྱ་མི་སྒྲོག་འགྲེལ་རུ་ཁག་དབྱར་རྩྭ་དགུན་འབུ་བརྐོ་སར་ཡོང་བ་ནས་བཟུང་ཁོས་རྒྱལ་ཁབ་ཀྱི་དོན་ཆེན་དང་ཏང་གི་དམངས་ཕན་སྲིད་ཇུས་ལ་ཤེས་རྟོགས་སྔར་ལས་གཏིང་ཟབ་བྱུང་བ་རེད།

སྒྲོག་འགྲེལ་པས་བཤད་པ་ཚང་མ་ང་ཚོས་གོ་ཐུབ་པ་དང་སེམས་ལ་ངེས་ཐུབ་པ། གོ་བ་ལེན་ཐུབ་པ་བཅས་རེད། བཤད་པ་ཚང་མ་ང་ཚོ་དང་འབྲེལ་བ་དམ་ཟབ་ཡོད་པའི་བྱ་བ་དང་སྲིད་ཇུས་ཤ་སྟག་རེད། འདི་ལྟ་བུའི་སྒྲོག་འགྲེལ་ལ་རྒན་གཞོན་ཚང་མས་ཉན་རྒྱུར་དགའ་པོ་འདུག་ཅེས་བྲག་མགོ་རྫོང་དབང་སྐོར་སྡེ་ཁུལ་གྱི་གྲོང་མི་མཱ་ཅན་ཧྭ་ཡིས་དེ་ལྟར་བསྔགས་བརྗོད་བྱས།

དཀར་མཛེས་རྫོང་དུ་འཁོར་ཉུང་སྟབས་བདེ་དང་གང་ལ་ཅི་འོས་ཀྱི་མི་རིགས་མཐུན་སྒྲིལ་སྒྲོག་འགྲེལ་བྱེད་བཞིན་ཡོད་པ་དང་། དབྱར་རྩྭ་དགུན་འབུ་བརྐོ་གནས་དང་སློབ་གྲྭའི་ལུས་རྩལ་ཐང་། ཁེ་ལས་འཁོར་ཁང་། སྤྱི་ཁུལ་ཐང་ཆེན་སོགས་མང་ཚོགས་གང་དུ་ཡོད་ན་དེ་རུ་སྒྲོག་འགྲེལ་བྱེད་ཀྱི་ཡོད་པ་རེད། གསོན་ཉམས་དོད་པའི་སྒྲོག་འགྲེལ་བྱེད་ཐེངས་རེ་རེས་རྒྱ་ཆེ་བའི་ཞིང་འབྲོག་མང་ཚོགས་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དམ་པོར་བཅང་བར་གོ་བ་གཏིང་ཟབ་ལོན་ནས་ཚང་མས་བྱ་གཞག་གསར་གཏོད་དང་ཕ་ཡུལ་འཛུགས་སྐྲུན་བྱེད་པའི་སྤྲོ་སེམས་འཕེལ་བར་བྱས།།

  • ལེ་ཚན་སྔོན་མ།:དོན་དངོས་སྔོན་སྒྲུབ་ཀྱིས་སྐུལ་ཁྲིད་ནུས་པ་ཧུར་ཐག་བཏོན་ཏེ་ཁམས་བྱང་ས་ཁོངས་ཀྱི་ལྟེ་ཟུར་ཁྱོན་ཡོངས་ནས་བསྐྲུན་དགོས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།