ཉེ་ཆར། སློབ་གསོ་པུའུ་ཡིས་སྤྱི་བདེ་པུའུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུའུ་སོགས་སྡེ་ཁག་དང་མཉམ་འབྲེལ་སྒོས་རྒྱལ་ཡོངས་སློབ་གྲྭ་ཆུང་འབྲིང་དང་བྱིས་གཉོར་ཁང་གི་བདེ་འཇགས་བྱ་བའི་བརྙན་ལམ་ཚོགས་འདུ་འཚོགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བདེ་འཇགས་བྱ་བའི་སྐོར་གྱི་མཛུབ་སྟོན་མཆན་བཀོད་དགོངས་དོན་གལ་ཆེན་ལག་བསྟར་དངོས་འབེབས་བྱེད་པ་དང་། མིག་སྔའི་སློབ་གྲྭའི་བདེ་འཇགས་བྱ་བའི་གནས་བབ་ལ་དབྱེ་ཞིབ་བརྡར་གཅོད་བྱས་ཏེ་ད་ལོའི་སློབ་གྲྭའི་བདེ་འཇགས་བྱ་བ་ལེགས་པོར་སྒྲུབ་པར་བཀོད་སྒྲིག་བྱས། སློབ་གསོ་པུའུ་ཡི་ཏང་ཚན་ཁག་གི་ཧྲུའུ་ཅིའམ་པུའུ་ཀྲང་ཧུའེ་ཅིན་ཕིན་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད་ལ། སློབ་གསོ་པུའུ་ཡི་ཏང་ཚན་ཁག་གི་ཁོངས་མིའམ་ཀྲུང་དབྱང་སྒྲིག་ཨུ་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སློབ་གསོ་པུའུ་རུ་སྡོད་པའི་སྒྲིག་བཤེར་ལྟ་སྐུལ་ཚན་ཆུང་གི་ཚན་གཙོ་ཝང་ཁྲིན་ཝུན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་བ་རེད། ཧུའེ་ཅིན་ཕིན་གྱིས་བསྟན་དོན། ས་ཁུལ་སོ་སོས་བརྗོད་དོན་སློབ་གསོ་གོ་སྐབས་སུ་བཟུང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་མཆན་བཀོད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དངོས་འབེབས་གཏིང་ཟབ་བྱེད་པ་དང་། སློབ་གྲྭའི་བདེ་འཇགས་བྱ་བའི་འགན་འཁྲི་འདུ་ཤེས་དང་ལས་འགན་འདུ་ཤེས་དངོས་གནས་ཇེ་ཆེར་བཏང་སྟེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ཐག་གཅོད་བཀོད་སྒྲིག་ལྟར། མིག་སྔའི་སློབ་གྲྭའི་བདེ་འཇགས་བྱ་བའི་གནས་བབ་གསར་བའིི་བླང་བྱ་གསར་བར་ཡང་དག་པའིི་སྒོ་ནས་དམ་འཛིན་བྱེད་པ་དང་། ཕྱོགས་ཡོངས་ནས་སློབ་གྲྭའི་བདེ་འཇགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱས་ཏེ་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་དང་ལྡན་པའི་བདེ་འཇགས་ཀྱི་འགན་སྲུང་བྱེད་དགོས། ཧུའེ་ཅིན་ཕིན་གྱིས་བསྟན་དོན། ས་ཁུལ་སོ་སོས་དགེ་སློབ་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་པ་དམིགས་འབེན་དུ་བཟུང་སྟེ། ཉེན་ཁ་འགོག་སྲུང་ལ་ཤུགས་སྣོན་དང་བཅོས་བསྒྱུར་དངོས་འབེབས་ལ་གཙིགས་འཛིན་གྱིས་ཤུགས་སྣོན་པ་བཞི་དངོས་གནས་སྒྲུབ་ཐུབ་པར་བྱས་ཏེ། སློབ་རའི་བདེ་འཇགས་དོན་རྐྱེན་བྱུང་བར་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས། གཅིག་ནི་ཏང་གི་ཕྱོགས་ཡོངས་ཀྱི་མགོ་ཁྲིད་ལ་ཤུགས་བསྣན་ཏེ་གཡུལ་ས་བརྟན་སྲུང་བྱེད་དགོས། གཉིས་ནི་སློབ་རའི་བདེ་འཇགས་དོ་དམ་ལ་ཤུགས་བསྣན་ཏེ་སློབ་རའི་སྒོ་ཆེན་དམ་པོར་སྲུང་དགོས། གསུམ་ནི་སློབ་ཕྱིའི་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་བསྣན་ཏེ་ཁོར་ཡུག་གཙང་བསྒྱུར་བྱེད་དགོས། བཞི་ནི་འབུར་ཐོན་གནད་དོན་བཅོས་སྐྱོང་ལ་ཤུགས་བསྣན་ཏེ་དངོས་ཕན་བརྩོན་ལེན་བྱ་དགོས། ཧུའེ་ཅིན་ཕིན་གྱིས་ས་ཁུལ་སོ་སོས་བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་སྲ་བརྟན་དུ་བཏང་ནས་ཕྱོགས་བསྡུས་བཅོས་སྐྱོང་དང་སྡེ་ཁག་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་བསྣན་དགོས། ཆབ་སྲིད་འགན་འཁྲི་གཟབ་ནན་དུ་བཏང་ནས་བདེ་འཇགས་བྱ་བ་དང་སློབ་གསོ་བཅོས་བསྒྱུར་འཕེལ་རྒྱས་གཉིས་མཉམ་དུ་ཇུས་འགོད་དང་བཀོད་སྒྲིག། སྐུལ་འདེད་བཅས་གཏོང་དགོས། འཚུབ་བསྟུན་ཐག་གཅོད་ལ་ཤུགས་བསྣན་ཏེ་མུ་མཐུད་དེ་ཐོལ་བྱུང་དོན་རྐྱེན་རིགས་བགར་འཚུབ་བསྟུན་ལམ་སྲོལ་ལེགས་བསྒྱུར་བྱེད་དགོས། དྲིལ་སྒྲོག་སྣེ་ཁྲིད་ལེགས་པོར་སྒྲུབ་ཏེ་ཧུར་ཐག་གིས་བདེ་འཇགས་ཤེས་བྱ་དང་བདེ་འཇགས་འགོག་སྲུང་ནུས་རྩལ་དྲིལ་སྒྲོག་བྱེད་དགོས། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣན་ཏེ་སློབ་གྲྭའི་བདེ་འཇགས་བྱ་བའི་གནས་ཚུལ་དེ་བྱ་བའི་ལྟ་སྐུལ་དང་དཔྱད་དཔོག་གདེང་འཇོག་གི་ནང་དོན་གལ་ཆེན་དུ་འཛིན་དགོས། སློབ་གྲྭའི་བདེ་འཇགས་བྱ་བར་དམ་འཛིན་ཞིབ་ཕྲའི་སྒོ་ནས་སློབ་གྲྭའི་བདེ་འཇགས་འགོག་སྲུང་དྲ་བ་བཙུགས་ནས། མི་དམངས་ཀྱི་བློ་ཡིད་ཚིམ་པའི་སློབ་གསོ་སྒྲུབ་པ་དང་སློབ་གསོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་སྔར་ལས་ཆེ་བའི་བྱས་རྗེས་གཞག་དགོས་པའི་བླང་བྱ་བཏོན།།