དུས་ཀྱི་འགྲོས།

འཆིང་གྲོལ།        2023-06-09

ལྗང་མདོག་གོས་ཀྱི་ག་ཤལ་དྲ་བའི་ཕྲེང་།།

ཀུན་བཟོད་ལུས་སུ་གྱོན་པ་དབྱར་གྱི་གཤིས།།

དྲི་ཞིམ་མེ་ཏོག་འགྲམ་པར་སྦྲང་རྩིས་བྱུགས།།

མགྲིན་བཟང་བུང་བུའི་མཆུ་སྒྲོས་དེ་རུ་བཞུད།།

མཚན་མོར་བསིལ་བྱེད་ཟླ་བའི་ངོ་གདོང་གསལ།།

ཉིན་མོར་ཆུ་ཡི་ཆོམ་རྐུན་ཚ་བས་བསྒྲུབས།།

མེ་ཏོག་སྒང་བུ་ནད་ཀྱིས་རྣམ་ཤེས་ཐོར།།

སྟོན་ཟླའི་རང་རྣམ་འབྲི་བའི་མཛད་པ་བསྐྱངས།།

སྤྲིན་གྱི་མེ་ཏོག་འཐོར་བའི་གར་གྱི་འགྱུས།།

སྒེག་ཆོས་ལྗང་མདོག་ལུས་ཀྱི་ལང་ཚོ་བཀྲུས།།

ཆུ་ཡི་ཕུང་པོར་མགྲིན་རིང་ཁྲུང་ཁྲུང་ལྡིང་།།

དཔྱིད་ཀྱི་ཕོ་ཉ་ཚང་ཚིང་མཛེས་པར་ཆགས།།

གྲང་རེག་མདུང་ཐུང་དགུན་གྱིས་ཕྱག་སོར་འཇུས།།

སྨིན་ལེགས་གཟུགས་ཀྱི་མཛེས་ལྗོངས་ཕྱོགས་ཀུན་གཏོར།།

ཁ་བའི་མེ་ཏོག་བབས་པའི་བསླུ་བྲིད་ཀྱིས།།

མི་འདོད་པུར་གྱིས་ཁ་དོག་སྐྱ་བོར་བྲིས།།



  • ལེ་ཚན་སྔོན་མ།:ང་འཁོར་བའི་གྲོང་གི་གླུ་བ་ཡིན།
  • ལེ་ཚན་རྗེས་མ།:སྣུམ་ཚོན་མེ་ཏོག