བྱིས་དུས་ཀྱི་རབ་ཏུ་བྱེད་པ།

ཞོགས་རྫ་རྔ།        2023-06-07

བསམ་ཤེས་ནས་མི་ཚེ་མུན་ནག་ལ་ཞེད་པའི་དབུ་ཁྱུད་བྲིས་སོང་བ་དང་འདྲ།

ཆུང་དུས་གོས་ཀྱིས་མགོ་བོ་བཏུམ་པར་ཤིན་ཏུ་སྐྲག།

མཚན་མོར་མུན་ནག་ལ་ཞེད་དྲགས་པས་ཨ་མའི་རུམ་ན་ཡོད་ཀྱང་།

ཨ་མ་དང་ཉེ་བར་བཅར་ནས་འཇིགས་སྐྲག་གི་གཅོང་སྐད་བཏོན།

ང་ནི་མུན་ནག་ལ་ཞེད་པའི་མི་ཞིག་ཡིན།

མཚན་མོ་གློག་གཟིམས་རྗེས་ངས་མུན་ནག་ལ་བལྟ་བར་མི་བཟོད།

མུན་ནག་གི་ནང་ནས་གདུག་རྩུབ་ཅན་སུ་ཞིག་གིས་ང་ཡི་

སྙིང་དམར་པོ་གདོན་འགྲོ་སྙམ་ནས་འོད་སྣང་མཐོང་ཐབས་བྱེད།

མུན་ནག་ངོ་ཤེས་པས་ང་རང་འོད་སྣང་ལ་དགའ་ཞིང་དད།

མུན་ནག་གི་འཇིགས་སྐྲག་ཡོད་པས།

ངས་འོད་སྣང་འཚོལ་བའི་བསམ་བློ་བཏང་མྱོང་མོད།

འོན་ཀྱང་། ངས་སྔ་བཞིན་མུན་ནག་གདོང་ཐུག་བརྒྱག་དགོས་སོང་།

སློབ་གྲྭར་ཡོད་དུས་ང་རང་ཁེར་རྐྱང་དུ་ལུས་ཤིང་།

ཡ་ང་བའི་བསམ་བློའི་མུན་ནག་ལ་གདོང་ཐུག་བརྒྱབ།

ངས་རང་ཉིད་ཀྱི་ཤུགས་རིང་ལས་ན་ཚོད་ཀྱིས་མི་ཐེག་པའི་སྐྱོ་གདུང་ཚོར།

ལོ་འདི་གར་འཇིག་རྟེན་གྱི་ཁ་དོག་གཞན་ཞིག་ཏུ་འགྱུར་བའི་ཕམ་ཁ་མྱོང་།

དེ་ལྟ་ནའང་། ང་ལ་དེ་དག་དང་ལེན་བྱེད་པའི་སེམས་ཤུགས་མེད།

མཚན་མོ་རེར་ང་ནི་མུན་ནག་ལ་ཤིན་ཏུ་སྐྲག།

ཡོལ་རས་རླུང་གིས་སྒུལ་བའི་སག་སྒྲ་དང་།

རྒྱ་སྒོའི་ལྷུ་ལག་འགྲིག་པའི་ཙིར་སྒྲ་སོགས།

ཚོ་སྲོག་གི་གཤེད་མ་ལྟ་བུར་སྣང་།

ངས་རང་གི་མལ་ཐུལ་གྱིས་མགོ་ལུས་ཡོངས་རྫོགས་བཏུམས་ཏེ།

དེ་མུར་གཉིད་དུ་འགྲོ་བའི་སྨོན་ལམ་བཏབ།

ངས་རང་གི་ལག་ཟུང་ཆུང་ཆུང་དེས་རྣ་བ་བཀབ་སྟེ།

སང་ཞོགས་ཀྱི་ཉི་ཟེར་ལ་རེ་བསྒུག་བྱས།

འོན་ཀྱང་། མཚན་མོ་དེ་ཅི་འདྲའི་རིང་བ་ལ་ཨང་།

ངའི་སྙིང་གི་འཕར་ལྡིང་དང་ལྷན་དུ།

དབུགས་ཀྱི་རྒྱུ་བ་ཇེ་རྒོད་དུ་སོང་།

སྐབས་ཤིག་ངའི་མལ་ས་ནི། ཚེར་མ་ལྟ་བུ་ཞེ་ལ་གཟན།

རྔུལ་ཆུ་དང་མིག་ཆུ།

ཁ་ཆུ་དང་སྣ་ཆུའི་འདམ་རྫབ་ཅིག་ཏུ་སྣང་།

མཚན་མོ་དེར་ངས་རང་གི་ཨ་མ་དྲན།

མོའི་རུམ་དུ་རྫོགས་མཐའ་མེད་པའི་སེམས་ཀྱི་དྲོད་ཁོལ་ཡོད་པ་དྲན།

ཁེར་རྐྱང་གི་མུན་པ་ལས་གཡོལ་བའི་བརྩེ་ཆེན་གྱི་འོད་སྣང་ཡོད་པ་དྲན།

དྲན་པ་མཐའ་དག་སྐྱོ་སྡུག་གི་མུན་པ་ཞིག་ཏུ་གྱུར་རྗེས།

ད་གཟོད་ང་རང་ཐང་ཆད་དེ་གཉིད་དུ་ཡུར།

སུས་ཀྱང་གོ་མི་སྲིད་པའི་ངུ་ངག་གཉོམ་པོ་ཞིག་བཏོན་རྗེས་ང་རང་གཉིད་དུ་ཡུར།

འདི་ལྟར་མཚན་མོ་མང་པོ་ཞིག་བརྒལ།

མཚན་མོ་རེའི་མུན་ནག་ཁྲོད་ནས།

ང་ནི་འཇིགས་སྣང་བར་མེད་དུ་སྐྱེས་མྱོང་།

ལོ་ཟླ་མང་པོའི་རྗེས་ནས།

ང་རང་མཚན་སྨག་ལ་དེ་ཙམ་མི་ཞེད།

འོན་ཀྱང་། ངས་འདི་ནས་སློབ་གྲྭར་ཡོད་པའི་རང་གི་ནུ་མོ་དྲན།

མོ་ད་ལྟ་ལོ་ན་ཆུང་ཚུལ་དྲན།

སྨིན་མ་མྱོང་བའི་ན་ཚོད་ཀྱིས་དཀའ་སྡུག་མི་ཐེག་པ་དྲན།

མོར་སྤོབས་སེམས་དང་བསམ་གཞིག་ཅི་ཡང་མེད་ཚུལ་དྲན།

སྐབས་ལན་རེར་སློབ་ཁང་གི་གྲུ་ཟུར་གང་རུང་ནས།

མགོ་བོ་སྨད་དེ་ངུ་བཞིན་མེད་དམ་དྲན།

དེ་ལྟར་དྲན་པས་ངའི་ནང་སེམས་ཀྱི་མུན་པ་ཤིན་ཏུ་གནག

དེ་ལྟར་དྲན་པས། ངས་ཁེར་རྐྱང་དུ་ལུས་པའི་གནམ་འོག་གི་

བྱིས་པ་མཐའ་དག་དྲན།

ཁོ་ཚོའི་སྨྲ་བསམ་བརྗོད་མེད་ཀྱི་སྐྱོ་གདུང་དྲན།

ཡ་ང་བའི་བསམ་བློའི་འཇིགས་སྐྲག་དྲན།

དེ་ལྟ་ནའང་། ན་ཚོད་ལོན་པའི་མི་ཚོས།

དེ་ནི་མི་ཚེའི་བརྒྱུད་རིམ་ཞིག་ལས་

བསམ་གཞིག་དགོས་པའི་གནས་ཚུལ་མ་ཡིན་ཟེར།

ཁོ་ཚོས།

མཚན་སྨག་དང་ཁེར་རྐྱང་ལ་སྐྲག་དགོས་པའི་གནས་ལུགས་ལར་ནས་མེད་ཟེར།

ཁོ་ཚོས་རང་འདོད་དང་དབང་ཤེད་བཀོལ་ནས།

བྱིས་པ་ཚོའི་སེམས་ལ་རྨ་ཁ་བཟོས།

ཁོ་ཚོས་མི་ཤེས་པའི་བྱམས་པ་དང་བརྩེ་བ་གདུག་རྩུབ་ཅན་བཀོལ་ནས།

བྱིས་པ་ཚོ་མི་ཡུལ་ལ་རེ་བ་གཏིང་ནས་ཆད་དུ་འཇུག།

དེ་ལྟར་ཡིན་པས།

འཇིག་རྟེན་འདིར་མཚན་སྨག་བརྒལ་ཐུབ་པའི་མི་ནི་ཤིན་ཏུ་དཀོན།

ཤེས་སམ། འགྲོ་བ་མི།

ང་ནི་མཚན་སྨག་གི་ཁྲོད་ནས་འཁྱག་ཤི་ཐེབས་མྱོང་བའི་བྱེའུ་ཞིག་ཡིན།

འཕུར་འདོད་ཀྱང་གཤོག་པ་མེད་པའི་བྱེའུ་ཆུང་ཆུང་ཞིག་ཡིན།

ད་རུང་འཇིག་རྟེན་ན།

འཕུར་མི་ཐུབ་པའི་བྱེའུ་ཅི་ཙམ་ཡོད་པ་ཤེས་སམ།



  • ལེ་ཚན་སྔོན་མ།:དྲུག་གཅིག་དགའ་བས་བསུ། བྱིས་པའི་བསམ་དོན་འགྲུབ།
  • ལེ་ཚན་རྗེས་མ།:བརྗོད་མི་ཚར་བའི་ཁྱོད།