ཁྱེད་ལ་འབུལ།

བཤུལ་གྱི་རས་པ།        2023-05-31

ནམ་ཟླ་དཔྱིད་ཀྱི་ལང་ཚོ་ལས།།

འཇའ་སྤྲིན་འོད་ཀྱི་ར་བ་འཐེན།།

འཁོར་བའི་ཚོན་གྱིས་མ་བྱུགས་པའི།།

རང་བྱུང་ལྷ་ཡི་མེ་ཏོག་འཁྲུངས།།

འོད་གསལ་ཤེལ་གྱི་མེ་ལོང་ལ།།

ཚེ་རབས་སྐྱབས་ཀྱི་དྭངས་མ་རྨིས།།

མཁའ་ལ་གཤེགས་པའི་དར་ཟམ་ལས།།

མཇལ་བའི་སྐལ་བཟང་ཁྱེད་ལ་མཉེས།།

ཟིལ་བ་ཤམ་པའི་ནགས་མ་ཡི།།

ཞི་བའི་རུ་སིལ་ཉམས་དགའ་དེར།།

སྡོད་པའི་དྲང་སྲོང་དམ་པ་གང།།

ཐུགས་འདུན་འོ་ཆུ་གཅིག་ཏུ་བསྲེས།།

སྐྱེ་ཕྲེང་གསེར་རིའི་མུ་ཁྱུད་ལས།།

བཀྱེ་བའི་ཟེར་མ་གངས་ལ་ཕོག།

ད་རེབས་སྐུ་ཡི་མཛད་འཕྲིན་གདུགས།།

སྔར་མེད་སྲིད་པའི་རྒྱན་དུ་ཆེ།།

ངུར་སྨྲིག་གོས་ཀྱི་ཚོས་ཁ་ན།།

བྱིན་རླབས་འོད་ཀྱི་དྲ་བ་རུ།།

འཕག་ཅིང་འཚང་བའི་འགྲོ་མང་རྡུལ།།

སྙིང་རྗེའི་གཟུགས་སྐུ་ཁྱེད་ལ་དད།།

རྔམ་ཆེན་ཁྲི་ལ་བརྗིད་པའི་སྐུ།།

ཟབ་གསང་ཕིག་པའི་རྨད་བྱུང་གསུང་།།

རྗེས་ཆགས་འགྲོ་བར་བརྩེ་དགས་ཐུགས།།

མི་ཕྱེད་ཡིད་ཀྱི་བསྟི་གནས་མཆོག།

རྨོངས་བའི་ས་རྡུལ་འཕྱུར་བའི་སེམས།།

བརྗོད་འདས་ངག་གི་གཙང་བོས་བཀྲུས།།

སྡང་སྡུག་ན་བུན་འཐབ་པའི་ཀློང།།

བཅོས་མིན་ཚ་བའི་འོད་ཀྱིས་གཞོམ།།

རྒུད་པའི་འོབས་སུ་ལྷུང་བ་ཡི།།

མྱ་ངམ་སྟོང་གི་ཆོ་ངེ་མཁན།།

མུན་པའི་གོས་ཀྱིས་གཏུམ་པའི་ཚོགས།།

བདེ་ཆེན་བདེ་བའི་ས་ལ་བཀོད།།

བསྟན་ལ་ལྷག་བསམ་འོ་མའི་མདངས།།

གཤིས་ཀྱང་བདེན་པའི་མངལ་ལ་ལྕི།།

གཡོ་མེད་དུང་གི་ལྷུན་པོ་ལགས།།

ཁྱེད་ནི་བསྟན་བདག་སྐྱེས་བུའི་སྙིང་།།

འོག་མིན་ཆོས་ཀྱི་དབྱིངས་རིམ་ན།།

ལེགས་གསུང་རྒྱལ་ཀུན་དགྱེས་པའི་གཏམ།།

བསོད་ནམས་གསེར་གྱི་ས་གཞི་རུ།།

གྲངས་མེད་འགྲོ་བའི་མགོན་ཁྱེད་བཞུགས།།

ཐ་སྙད་རླབས་ཀྱི་ཟེགས་མ་ཁུར།།

གཙང་བོའི་དྭངས་ས་དེ་རུ་འཁྱིལ།།

རྙོག་མེད་ཆུ་བོས་ཚིག་གྲུབ་བཟོས།།

སྙིམ་པར་བཅུག་ཏེ་ཁྱེད་ལ་མཆོད།།

ནམ་མཁའ་གཡུ་ཡི་མེ་ལོང་འདི།།

དེ་རིང་ཆོས་སྐུ་ཁྱེད་ལ་འབུལ།།

སྒྲིབ་པའི་སེམས་ཉིད་གྲོལ་བ་དང་།།

གནམ་གྱི་ཟེ་བ་ཡིན་པའི་གངས།།

དེ་རིང་ལོངས་སྐུ་ཁྱེད་ལ་འབུལ།།

འགྲོ་བའི་དགེ་སེམས་འཕེལ་བར་སྨོན།།

དར་དཀར་སྤྲིན་པའི་ཡོ་ལང་འདི།།

དེ་རིང་སྤྲུལ་སྐུ་ཁྱེད་ལ་འབུལ།།

འགྲོ་དོན་ནམ་མཁའ་ཁྱབ་པར་ཤོག།

            


  • ལེ་ཚན་སྔོན་མ།:ཟེགས་མ་དང་ན་ཟུག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།