སི་ཁྲོན་དང་མཚོ་སྔོན། བོད་ལྗོངས་བཅས་འབྲེལ་ཁུལ་གྱི་རིག་གནས་དང་ཡུལ་སྐོར་ལས་འབྲེལ་བཙུགས་པའི་ཚོགས་ཆེན་སེར་ཤུལ་རྫོང་དུ་འཚོགས།

ལྷ་འཛོམས་ཀྱིས་བསྒྱུར་ནས་ཞུས།        2023-05-31

ཉེ་སྔོན་གྱི་གོང་དུ་སི་ཁྲོན་དང་མཚོ་སྔོན།བོད་ལྗོངས་བཅས་ས་འབྲེལ་ས་ཁུལ་གྱི་རིག་གནས་དང་ཡུལ་སྐོར་ལས་འབྲེལ་བཙུགས་པའི་ཚོགས་ཆེན་སེར་ཤུལ་རྫོང་དུ་འཚོགས་ཤིང་། སི་ཁྲོན་དང་མཚོ་སྔོན། བོད་ལྗོངས་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་གྱི་རིག་གནས་ཡུལ་སྐོར་སྡེ་ཚན16ལས་གྲུབ་པའི་སི་ཁྲོན་དང་མཚོ་སྔོན།བོད་ལྗོངས་བཅས་ས་འབྲེལ་ས་ཁུལ་གྱི་རིག་གནས་དང་ཡུལ་སྐོར་ལས་འབྲེལ་(གཤམ་དུ“ལས་འབྲེལ”ཞེས་བསྡུ་རྒྱུ)དངོས་སུ་བཙུགས་པ་དེའི་ཐོག་ནས་སི་ཁྲོན་དང་མཚོ་སྔོན།བོད་ལྗོངས་བཅས་ཞིང་ཆེན་གསུམ་གྱི་ས་འབྲེལ་ས་ཁུལ་གྱི་རིག་གནས་དང་རིག་གནས་ཡུལ་སྐོར་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི་དུས་རབས་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད།

སེར་ཤུལ་རྫོང་ནི་མཚོ་བོད་མཐོ་སྒང་གི་ཤར་ལྷོའི་མཚམས་དང་སི་ཁྲོན་དང་མཚོ་སྔོན།བོད་ལྗོངས་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་འབྲེལ་མཚམས་སུ་གནས་པས།“ཆུ་གསུམ་ཆུ་འགོའི་རང་བྱུང་སྲུང་སྐྱོང་ཁུལ”གྱིས་མཐའ་ནས་བསྐོར་ཡོད། དེའི་དམིགས་བསལ་ས་བབ་ཀྱི་ལེགས་ཆ་ནི“ཆུ་གསུམ་ཆུ་འགོའི”ཉེ་འགྲམ་དུ་གནས་པའི་བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་དང་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་དང་མགོ་ལོག་ས་ཁུལ་གྱི་གཙང་ཆུའི་ཆུ་འགོ་ས་ཁུལ་དུ“རྩྭ་ཐང་གི་རུ་སྤོས་རིག་གནས་དང་། ཆུ་འགོ་ས་ཁུལ་གྱི་གླིང་སྒྲུང་རིག་གནས། ཝུན་ཁྲེན་ཀོང་ཇོ་བོད་དུ་ཡོང་བའི་རིག་གནས། བཅིངས་འགྲོལ་དམག་བོད་དུ་སྐྱོད་པའི་གསར་བརྗེའི་རིག་གནས”སོགས་རིག་གནས་མཉམ་དུ་བསྐྱངས་ཡོད།

དེར་བརྟེན་ས་ཁུལ་གསུམ་གྱིས་ས་ཁོངས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་དོན་འཁྱོལ་ཧུར་ཐག་བྱས་ཏེ་མཉམ་འབྲེལ་ཐོག་འབྲེལ་ཁུལ་གྱི་ཡུལ་སྐོར་རྩེར་སོན་ལམ་ཐིག་བཏོད་ནས་རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱ་ཡུལ་ཁྱོན་ཡོངས་ནས་བསྐྲུན་ནས་གཙང་ཆུའི་ཆུ་འགོ་ས་ཁུལ་གྱི་ས་ཁོངས་རིག་གནས་ཡུལ་སྐོར་འཕེལ་རྒྱས་སྤུས་ཚད་མཐོན་པོར་སྐུལ་འདེད་ཤུགས་ཆེན་བཏང་ནས་ས་ཁོངས་ཡུལ་སྐོར་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་བར་བྱས་ནས་མཉམ་ལས་ཀྱི་འདུན་པ་གསར་པ་རབ་དང་རིམ་པ་མངོན་དུ་གྱུར་པ་དང་བསྟུན་ནས་ལས་ཀའི་འབྲེལ་བ་རང་ཤུགས་སུ་ཆགས་ཡོད།

ཚོགས་ཆེན་དུ་སི་ཁྲོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གི་རིམ་པ་དང་པོའི་སྐོར་གཟིགས་པ་ཧོང་ཕིང་གིས་ལས་འབྲེལ་བཙུགས་པ་དེའི་ཐོག་ནས་འབྲེལ་ཁུལ་གསུམ་གྱིས་རིག་གནས་ཡུལ་སྐོར་འཕེལ་རྒྱས་སྤུས་ཚད་མཐོན་པོ་གཏང་རྒྱུའི་གྲོས་བསྡུར་བྱེད་པའི་ཆོད་སེམས་མཚོན་པ་དང་། འབྲེལ་ཁུལ་གསུམ་གྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་དུས་རབས་གསར་པའི་མྱུར་བགྲོད་ལམ་བུར་བསྐྱོད་པ་མཚོན་ཡོད་ཅེས་གསུངས་པ་རེད། ཁོང་གིས་འབྱུང་འགྱུར་སི་ཁྲོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གིས་ཕྱོགས་མང་པོའི་ཐོན་ཁུངས་བསྡུས་ནས་ལས་འབྲེལ་གྱིས་གསར་དུ་བཏོད་པའི་ཡུལ་སྐོར་ལམ་ཐིག་རྩེ་གྲ་དྲིལ་བསྒྲགས་ཁྱབ་གདལ་གྱི་སྟེགས་བུ་བསྐྲུན་ཏེ་ལས་འབྲེལ་གྱི་ལས་དོན་ཁག་ཤུགས་ཡོད་ལ་ཏན་ཏིག་ཡོང་རྒྱུར་རམ་འདེགས་བྱ་རྒྱུ་ཡིན་ཞེས་གསུངས།

ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། སེར་ཤུལ་རྫོང་ཨུའི་ཧྲུའུ་ཅི་ལུའོ་ལིན་གྱིས་ཚོགས་འདུར་ལས་འབྲེལ་བཙུགས་པ་དེ་ནི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན་པ་དང་།རིག་གནས་མཉམ་སྤེལ་དང་ཐོན་ཁུངས་མཉམ་སྤྱོད་དང་། ལམ་ཐིག་ཕན་ཚུན་སྐུལ་འདེད། སྤུས་དག་མཉམ་སྒྲིག། ཆ་འཕྲིན་སྤེལ་རེས། སྤེལ་རེས་གོ་རིམ་ལྡན་པ། ཡུལ་སྐོར་བ་ཕན་ཚུན་སྐྱེལ་རེས། བྱེད་སྒོ་མཉམ་སྤེལ། ལེགས་ཆ་གསབ་རེས། ཁེ་སྤོགས་མཉམ་ཐོབ། ཁྲིམས་འཛིན་མཉམ་ལས། འགན་ལེན་ནུས་ལྡན་བཅས་ཡིན་པའི་རིག་གནས་སྣ་མང་མཉམ་བསྲེས་ཀྱི་རྣམ་པ་གསར་པ་གྲུབ་ངེས་རེད། དེས་ས་ཁོངས་ཀྱི་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཐད་ལས་འབྲེལ་ལ་སྐུལ་འདེད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་འབྲེལ་ཁུལ་གསུམ་གྱི་རིག་གནས་དང་ཡུལ་སྐོར་བྱ་གཞག་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བརལ་རམ་འདེགས་བྱ་རྒྱུ་རེད་ཅེས་བཤད་པ་རེད།

ཚོགས་ཆེན་དུ་པར་རྒྱག་མཁས་པ་གྲགས་ཅན་ལུའེ་ལིན་ལུང་གིས་སེར་ཤུལ་རྫོང་གི་རྩོམ་ཡིག་ཡུལ་སྐོར་ཐོན་ཁུངས་འོས་སྦྱོར་བྱས་པ་དང་། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཁྲི་འདུ་རྫོང་དང་མགོ་ལོག་ཁུལ་གྱི་རྨ་སྟོད་རྫོང་། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་བཅས་ཀྱི་རིག་གནས་ཡུལ་སྐོར་འཐུས་མིས་ཀྱང་ཡུལ་སྐོར་འོས་སྦྱོར་བྱས་པ་རེད།

དེ་ཉིན་ཆབ་མདོ་དང་ཡུལ་ཤུལ། མགོ་ལོག་བཅས་ཀྱི་འབྲེལ་ཡོད་གྲོང་ཁྱེར་དང་ཁུལ་རྫོང་དང་། དཀར་མཛེས་ཁུལ་གྱི་སྡེ་དགེ་རྫོང་དང་དཀར་མཛེས་རྫོང་། དཔལ་ཡུལ་རྫོང་། ཉག་རོང་རྫོང་། བྲག་མགོ་རྫོང་། གསེར་རྟ་རྫོང་། རྟའུ་རྫོང་། སེར་ཤུལ་རྫོང་བཅས་ཀྱི་རིག་གནས་ཡུལ་སྐོར་སྡེ་ཚན16གིས་ད་དུང་ཐུན་མོང་ཐོག་སི་ཁྲོན་དང་མཚོ་སྔོན། བོད་ལྗོངས་བཅས་ས་འབྲེལ་ས་ཁུལ་གྱི་རིག་གནས་ཡུལ་སྐོར་ལས་འབྲེལ་བྱ་རྒྱུའི་གྲོས་མཐུན་བཞག་པ་རེད།།



  • ལེ་ཚན་སྔོན་མ།:ཡར་ངོ་ཟླ་བ་ལྟར་འཕེལ་རྒྱས་འགྲོ་བཞིན་པའི་དེང་རབས་ཀྱི་གྲོང་ཚོ།
  • ལེ་ཚན་རྗེས་མ།:ཧྲེན་དབྱང་དང་ཧྥུང་ཧྥ་ཀུའེ་རྣམ་གཉིས་ཀྱིས་ཉིང་ཏེ་དུས་རབས་རྐང་དཔོན་གཞོན་པ་ལི་ཕིང་དང་བཞུགས་མོལ་གནང་།
  • དོ་སྣང་ཆེ་བའི་རྩོམ།