སྐྱེ་བ་གཅིག་གི་འུ་གཉིས།

གངས་ཆུ་ཤེལ།        2023-05-22

ཟླ་བ་འཕྲེད་དུ་འཛུམ་ཞིང་མཚན་མོ་ངུས། །

རྒྱུ་སྐར་ས་ལ་ལྷུང་སྟེ་ཀུ་མུད་འདར། །

ལས་དབང་ཨ་སྔོན་སྤྲིན་པ་ཁེར་ཆད་མས། །

ལྷོ་མཐའི་རི་དང་གཙང་པོར་ཕྱི་མིག་འཐེན། །

ཐོག་མའི་རྨི་ལམ་རྟིང་མའི་ལན་ཆགས་ཏེ། །

སུ་ལ་རྨ་ཁ་བཟོས་ཤིང་ན་ཟུག་བསྐྲུན། །

གང་ལ་འཇིགས་པ་སྤྲད་ཅིང་སྡུག་བསྔལ་སྦྱིན། །

ཐོབ་ཤོར་གཡུ་ཡི་མཚོ་ཡི་རྦ་རླབས་ཀྱིས། །

བརྩེ་བའི་ཀོ་གྲུ་འཇིག་པའི་རླབས་ལ་དྲངས། །

གཡའ་དག་སྟོན་གྱི་ཀུན་གསལ་བུ་མོའི་ལྟོར། །

བསླུ་བྲིད་ཆུ་འཛིན་མེ་ཏོག་རབ་བཀྲ་ཡང་། །

ཨ་གསར་མདའ་ཆར་གློ་བུར་བབས་པ་ཡིས། །

ཕྱི་ཐག་འཕྱོར་ལྭའི་ཕྱི་ནང་གཏན་དུ་བརླགས། །

འཁོར་བའི་ཐང་ག་སྒྱུ་མའི་གར་ལ་གཡེང་། །

ཡིད་ཀྱི་མེ་ཏོག་རྙིད་ཅིང་གདུང་བས་མནར། །

ཁྲེལ་གཞུང་ནགས་ཀྱི་འཇོལ་མོ་གཞན་ཡུལ་སྤྱུགས། །

ཡིན་ཡང་ལས་ཀྱི་བཀོད་པ་འདི་གོ་ཞེས། །

མི་ཚེ་སྐྱོ་སྡུག་ཡོལ་བས་མི་སྒྲིབ་པར། །

བློ་ཁོག་ནམ་མཁའི་ཁྱོན་ལ་སྙེག་པ་ཡིས། །

ཟླ་གསར་འཁྲི་ཤིང་འཛུམ་པའི་གྲོང་ལ་ཆས། །

ཕྱིས་སོང་ལོ་ཟླ་ཆུ་མོའི་ཀླུང་ལ་བསྒྱུར། །

ཁུ་སིམ་མུན་པའི་མེ་ཏོག་གདོང་ལ་སྟེག །

ཡིད་རྟོན་སེམས་ཀྱི་རི་མོ་མི་དོད་པར། །

དམ་བཅའ་ཞགས་པས་བཅིངས་པའི་ལས་ལ་ངལ། །

དོ་ནུབ་སྟོན་རླུང་འདི་ཡིས་རྒྱུ་ཕྱོགས་ཀྱིས། །

ལོ་དེའི་རྨ་ཁ་ཟླ་འདིའི་སྙིང་ལ་ཕོག །

ཡ་ཆུང་གྲང་བའི་ནམ་ཟླ་བསྐྱར་དུ་བཟོས། །

མི་མཐུན་སྣང་བའི་མེ་ཁ་ཡང་ཡང་བགོས། །

ཚེ་ཡི་ལ་མོ་བརྒལ་བའི་ཤུལ་ལམ་དུ། །

ཞེན་ཆགས་སྨིན་མའི་ཟིལ་བ་གྲངས་མེད་འཐོར། །

ལག་པས་ལག་པ་གློད་ཚུལ་དེ་ལྟར་ཏེ། །

སེམས་པ་སེམས་ལ་བཀྱེད་སྟངས་འདི་ཙམ་མོ། །

རྗེས་སོང་ནམ་ཟླར་འཚོ་བའི་ལུང་གཞུང་ནས། །

བདེ་སྐྱིད་ཉི་མ་གཞོན་ནུའི་སྐྲ་ལོ་ཤད། །

དྲན་པའི་མེ་ལོང་ཡང་ཡང་ཕྱིས་ཏེ་གཉོར། །

ཁྱོད་སོང་རྣམ་དག་སྨོན་པས་ཡང་ཡང་བསྐྱོར། །


  • ལེ་ཚན་སྔོན་མ།:མཛེས་སྡུག་བྱོ་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།