ཨ་མ།

        2023-05-17

ཨ་མ་སྣང་བའི་གཞུང་ན་བཞད་པའི་མེ་ཏོག།

ཨ་མ་འཚོ་བའི་རི་རྩེ་འཆར་བའི་ཉི་ཟེར།།

ཨ་མ་ཁྱིམ་གཞིས་མཛོད་དུ་འཁྲུངས་པའི་ཀ་ཆེན།།

ཨ་མ་འཁོར་བའི་པང་ན་ལྡེམ་པའི་བསིལ་རླུང་།།

ཨ་མ་ལས་ཀྱི་མེ་ལོང་གསེབ་ཀྱི་ཚེ་ནོམ།།

ཨ་མ་སེམས་རིས་ངོས་སུ་འབྱར་བའི་ཟླ་ཞལ།།

ཨ་མ་སྙིང་གི་གསེང་ན་ལྡང་བའི་སེམས་དྲོད།།

ཨ་མ་ལས་ཀྱིས་ང་ལ་གནང་བའི་ནོར་བུ།།

ཨ་མ་རིན་ཆེན་སྣ་མང་ཁྲོད་ཀྱི་གསེར་ཞུན།།

ཨ་མ་འཇིག་རྟེན་སྲིད་ན་མཛེས་པའི་དོ་ཤལ།།

ཨ་མ་ཚོར་བའི་ཁུད་ན་གཡོ་བའི་བདེ་སྐྱིད།།

ཨ་མ་འདི་ཕྱིའི་ལམ་སྣེ་སྟོན་པའི་དགེ་རྒན།།

ཨ་མ་ཚེ་རབས་གཏན་གྱི་བསླུ་མེད་མགོན་པོ།།

ཨ་མ་འདས་མ་ད་གསུམ་རྒྱབ་རི་སྨུག་པོ།།

ཨ་མ་སྐྱིད་སྡུག་གང་བྱུང་ཁེན་སའི་བདག་མོ།།

ཨ་མ་སེམས་པ་སེམས་ཀྱིས་གསོ་བའི་སྨན་པ།།

ཨ་མ་རྒྱལ་སྲས་བྱང་སེམས་ཀུན་གྱི་མ་ཡུམ།།

ཨ་མ་མི་རིགས་ཤིག་གི་ཚེ་སྲོག་གཅིག་པུ།།

ཨ་མ་བྱམས་བརྩེ་འོད་ཀྱིས་སྐྱོང་པའི་སངས་རྒྱས།།

ཨ་མ་རུས་ཀྱི་གཏིང་ན་འཐིམས་པའི་ལོ་རྒྱུས།།

ཨ་མ་མི་ཚེ་ཕྲེང་ཐག་བརྒྱུས་པའི་བརྒྱ་དཔོན།།

ཨ་མ་སྙན་ངག་བཅུད་ཀྱིས་བཞེངས་པའི་ཚོར་འདུ།།

ཨ་མ་གསང་བ་གོར་མོ་དབུང་གི་དམ་རྫས།།

ཨ་མ་དཔེ་ཟླ་ཅི་ཡང་འོས་པའི་ཁྱད་ནོར།།

ཨ་མ་མ་ལོ་ཚེ་བསོད་དབང་ཐང་རྒྱས་ཤོག།

ཨ་མ་མ་ལོ་ཚེ་ཆོས་བར་ཆད་མེད་ཤོག།

ཨ་མ་ཚེ་རིང་ཁ་གཡང་སྨོན་འདུན་སྐྱེས་ཀྱིས།།

ཨ་མ་དྲིན་མོ་ཆེ་ཡི་དུས་ཆེན་བསུ་འོ།།

རྩོམ་པ་པོ། གངས་ཆབ་ལྷ་སྲས།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:ཨ་མ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།