ནོར་བུས་བསྒྱུར། 2023-05-17
ཧྲེན་དབྱང་གིས་དར་མདོ་གྲོང་ཁྱེར་གྱི་ལས་དོན་བཞུགས་མོལ་ཚོགས་འདུར་འགན་འཁྲི་ཐོག་མ་འཁུར་ཕོད་པ་དང་དར་སྲོལ་གཏོད་ཕོད་པ། ཤུགས་ཡོད་རྒུས་དཀར་མཛེས་ཁུལ་དེང་རབས་ཅན་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཁྱེར་གཏོད་དགོས་ཞེས་ནན་གསུང་གནང་།
སྤྱི་ཟླ5ཚེས15ཉིན། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་དར་མདོ་གྲོང་ཁྱེར་གྱི་ལས་དོན་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དང་ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་ཀའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ། ཞིང་ཆེན་ཏང་ཨུའི“ཅན་བཞི་མཉམ་སྤེལ། གྲོང་ཡུལ་མཉམ་འདྲེས། ཁུལ་ལྔ་མཉམ་དར”གྱི་ལས་ཀའི་སྤྱིའི་དམིགས་འཛིན་དང་། ཁུལ་ཨུའི་སྤྱི་ཡོངས་ལས་ཀའི་བཀོད་སྒྲིག་དམ་པོར་དམིགས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཆང་བ་གཙོ་ཕྱོགས་སུ་བཟུང་ནས་ནུས་ཤུགས་ཡོད་རྒུས་དཀར་མཛེས་ཁུལ་དེང་རབས་ཅན་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཁྱེར་གཏོད་དགོས་ཞེས་ནན་གསུང་གནང་བ་རེད།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཏེང་ལི་ཅུན་ཚོགས་འདུར་ཞུགས་པ་རེད།
ཚོགས་འདུའི་ཐོག་དར་མདོ་གྲོང་ཁྱེར་ཏང་ཨུའི་འགན་འཁུར་བློ་མཐུན་གཙོ་བོས་ལས་ཀའི་སྙན་སེང་ཕུལ་བ་དང་། ཚོགས་ཞུགས་ཀྱི་ཁུལ་མགོ་ཁྲིད་སོ་སོས་གཏམ་བཤད་བྱས་པ་རེད། ཚང་མའི་གཏམ་བཤད་ལ་གསན་རྗེས་ཧྲེན་དབྱང་གིས་སྐབས་བརྗེ་བ་ནས་བཟུང་དར་མདོ་གྲོང་ཨུས་གྲོང་ཁྱེར་ཡོངས་ཀྱི་རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་འབད་འཐབ་དངོས་སྒྲུབ་དང་། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་པས་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་ལེགས་སུ་ཕྱིན་པ་དང་། གྲོང་ཁྱེར་དང་ཡུལ་སྡེའི་འཛུགས་སྐྱོང་ཐད་འབྲས་བུ་མངོན་གསལ་དོད་པ། སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པ། བསམ་པའི་ཉམས་འགྱུར་བཟང་བ་བཅས་བརྟན་ལྷིང་འཕེལ་རྒྱས་དང་སྐྱེ་ཁམས་དམངས་འཚོའི་བྱ་གཞག་ཁག་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་ཚད་བརྒལ་གསར་པ་དང་གྲུབ་འབྲས་གསར་པ་ཐོབ་ཡོད་ཅེས་དང་། དེང་རབས་ཅན་འཛུགས་སྐྱོང་གི་ལམ་བུ་གསར་པའི་ཐོག་དར་མདོ་གྲོང་ཁྱེར་ལ་འགྲན་སློང་གི་དཀའ་ངལ་མང་པོར་འཕྲད་ཡོད་ལ། ཐོབ་པར་དཀའ་བའི་གོ་སྐབས་ཀྱང་མང་པོར་ཐུག་ཡོད། དེས་ན་དར་མདོ་གྲོང་ཁྱེར་གྱིས་ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་གཏོང་བ་དང་། འཕེལ་རྒྱས་ཀྱི་ཚད་དཔོག་ལ་ངོས་འཛིན་གསལ་པོ་བྱེད་པ། རིག་གནས་ཀྱི་རྨང་གཞི་ཟབ་པ་དང་། ས་བབ་ཀྱི་ཆ་རྐྱེན་ལེགས་པ། ཁྱད་ལྡན་ཐོན་ཁུངས་ཕུན་སུམ་ཚོགས་པོ་སོགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་དེ། དཀའ་སྤྱད་སྙིང་རུས་དང་བབ་བསྟུན་འཕྲལ་སྒྲུབ་ཀྱིས་ཁུལ་ཡོངས་ཀྱི་འཕེལ་རྒྱས་ཁྱོན་ཡོངས་ལ་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཧྲེན་དབྱང་གིས་ནན་གསུང་གནང་དོན། འབད་བརྩོན་གྱི་ཁ་ཕྱོགས་ལ་དམིགས་ཏེ་འཕེལ་རྒྱས་སྤུས་ཚད་མཐོན་པོ་རྒྱུན་ཆད་མེད་པར་མངོན་འགྱུར་ཡོང་བ་བྱ་དགོས། ཐོན་ལས་ཀྱི་སྐུལ་ཁྲིད་ནུས་པ་ཆེ་རུ་གཏོང་དགོས། རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱ་ཡུལ་གཏོད་པར་གཞི་ཚུགས་ནས་རིག་གནས་ཀྱི་བླ་སྲོག་སྐྱོང་བ་དང་། ལས་རྣམ་གསར་པ་རྒྱ་སྐྱེད། ལམ་ཐིག་རྩེ་གྲ་བཟོ་བ། ཡུལ་སྐོར་ཁོར་ཡུག་ལེགས་གཏོང་སོགས་ཀྱི་ཐད་ཤུགས་བརྒྱབ་ནས་དར་མདོའི་རིག་གནས་ཡུལ་སྐོར་གྲགས་ཅན་གྲོང་ཁྱེར་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་འགྱུར་བ་བྱ་དགོས། འཕེལ་རྒྱས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས། ཚན་ཞིབ་སློབ་གླིང་དང་།སློབ་ཆེན་དང་འབྲིང་རིམ་ཆེད་ལས་སློབ་གླིང་། བཅའ་སྡོད་ཁེ་ལས་བཅས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཤེས་ལྡན་པ་བསྡུ་ཤུགས་ཆེ་རུ་གཏོང་བ་དང་། ལག་རྩལ་མཉམ་འབྲེལ་གྱི་འགག་སྒྲོལ་དང་ཐོན་རྫས་ཞིབ་འཇུག་གསར་སྤེལ་བྱས་ནས་གསར་གཏོད་ཀྱི་འཕེལ་རྒྱས་ལ་བསྐུལ་བའི་མཐོ་ས་བསྐྲུན་གང་ཐུབ་བྱ་དགོས། གྲོང་ཁྱེར་དང་ཡུལ་སྡེ་མཉམ་འདྲེས་བྱེད་ཤུགས་ཆེ་རུ་གཏོང་དགོས། རིག་ལྡན་གྲོང་ཁྱེར་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། གྲོང་ཁྱེར་འཛུགས་སྐྲུན་དང་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཡུལ་སྡེའི་རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་གཞིར་བཟུང་ནས་གྲོང་ཁྱེར་དང་ཡུལ་སྡེའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་གྱི་བཀོད་སྒྲིག་ལ་སྤྱི་འདོམས་བྱས་པ་དང་། ཡུལ་སྡེ་བཅོས་སྐྱོང་དང་། བསམ་པའི་དཔལ་ཡོན་འཛུགས་སྐྱོང་། གཞི་རིམ་གྱི་ཏང་ཚན་ཁག་འཛུགས་སྐྱོང་སོགས་ཀྱི་ལས་དོན་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་སྟེ་གནས་སྡོད་དང་བྱ་གཞག་ལ་འཚམ་པ་དང་མཛེས་སྡུག་ལྡན་པའི་ཡུལ་སྡེ་འཛུགས་སྐྲུན་བྱ་དགོས།
ཧྲེན་དབྱང་གིས་ནན་གསུང་གནང་དོན། བརྒྱུད་རིམ་ལྡན་པའི་འདུ་ཤེས་ཟབ་ཏུ་བཏང་ནས་ནུས་ཤུགས་ཡོད་རྒུས་དུས་བདེའི་དར་མདོ་བསྐྲུན་དགོས། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱ་དགོས། ཉེན་མེད་ཐོན་སྐྱེད་འགན་ལེན་བྱ་དགོས། གྲོང་ཁྱེར་ས་ཁོངས་བཅོས་སྐྱོང་ལ་ཤུགས་སྣོན་དགོས། ཞབས་ཞུ་འགན་སྲུང་ལེགས་པོ་བྱ་དགོས།
ཧྲེན་དབྱང་གིས་ནན་གསུང་གནང་དོན། དར་མདོ་གྲོང་ཁྱེར་གྱི་རྒྱ་ཆེ་བའི་ལས་བྱེད་པས་དུས་རབས་གསར་པའི་དཀར་མཛེས་ཁུལ་གྱི་སྙིང་སྟོབས་དར་སྤེལ་བཏང་ནས་དར་མདོའི་ལས་དོན་ཁག་མདུན་གྲལ་དུ་སྤེལ་བར་སྐུལ་འདེད་ཧུར་ཐག་གཏང་དགོས། འགན་འཁྲི་ཐོག་མ་འཁུར་བ་དང་། ཁོག་རྒྱ་ཐོག་མ་བསྐྱེད་པ། འཇོན་ནུས་ཐོག་མ་ཆེ་རུ་གཏོང་བ། རྣམ་པ་ཐོག་མ་འཛུགས་པ་བཅས་བྱ་དགོས།
ཚོགས་འདུ་མ་འཚོག་གོང་ཧྲེན་དབྱང་གུ་དྲག་གྲོང་རྡལ་རི་སྐེད་ཡུལ་ཤོག་དང་འགག་ཟུར་སྨད་པ། འགོ་ཐང་གྲོང་རྡལ་གསེར་ལེན་གྲོང་སྡེ་དང་ར་རྫི་གྲོང་སྡེ་སོགས་སུ་ཕེབས་ནས་གཞི་རིམ་ཏང་ཚན་ཁག་གི་འཛུགས་སྐྱོང་དང་། ཡུལ་སྡེའི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས། གྲོང་ཁྱེར་ཁྱབ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་། ལས་རིགས་སློབ་གསོ་འཕེལ་རྒྱས་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་དང་ཤེས་རྟོགས་གནང་བ་རེད།
ཁུལ་མགོ་ཁྲིད་མ་ཁྲང་ཤིན་དང་། ཡོན་མིང་ཀོང་། རིན་ཆེན། ཡན་ལེ། ཁྲེན་པོ་ཐའོ། ལིའུ་ཧུང་བཅས་དང་། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་དང་དར་མདོ་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན། ཀྲེ་ཅང་དང་ཞིང་ཆེན་ནང་ཁུལ་གྱི་ཁ་གཏད་རོགས་སྐྱོར་དང“ཚོགས་སྒྲིག་རྣམ་པ”ཡི་རོགས་སྐྱོར་གྱི་འབྲེལ་ཡོད་བློ་མཐུན་རྣམས་ཚོགས་འདུར་ཞུགས་ཤིང་བརྟག་ཞིབ་བྱས་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10