དཀར་མཛེས་རྫོང་གི་འབུམ་ཤོག་བཅོ་བརྒྱད་པའི་ས་དོང་ཁྱུ་ཚོགས་གནའ་ཤུལ་ལྗོངས་ཁུལ་རྒྱལ་ཁབ་རིམ་པའིAབཞི་ཡུལ་སྐོར་ལྗོངས་ཁུལ་དུ་རིམ་པ་སྤར།

        2023-07-10

ཉེ་ཆར། 2023ལོར་སི་ཁྲོན་ཞིང་ཆེན་ཡུལ་སྐོར་ལྗོངས་ཁུལ་འཕེལ་རྒྱས་ཚོགས་ཆེན་དུ་ཞིང་ཆེན་ཡོངས་ཀྱི་གསར་སྤོར་རྒྱལ་ཁབ་རིམ་པའིAབཞི་ཡུལ་སྐོར་མཛེས་ཁུལ་ལ་སྒོ་བྱང་དངོས་སུ་སྤྲད་པ་དང་རང་ཁུལ་དཀར་མཛེས་རྫོང་གི་འབུམ་ཤོག་བཅོ་བརྒྱད་པའི་ས་དོང་ཁྱུ་ཚོགས་གནའ་ཤུལ་ལྗོངས་ཁུལ་མིང་ཐོའི་དེའི་ནང་ཚུད་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། འབུམ་ཤོག་བཅོ་བརྒྱད་པའི་ས་དོང་ཁྱུ་ཚོགས་ཀྱི་གནའ་ཤུལ་ལྗོངས་ཁུལ་ནི་དཀར་མཛེས་རྫོང་མཁར་དང་བར་ཐག་སྤྱི་ལེ4ཡོད་པའི་སྤང་རི་སྣའི་སྟེང་དུ་ཆགས་ཡོད་པ་རེད། སྤྱི་ལོ1951ལོར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་འབུམ་ཤོག་བཅོ་བརྒྱད་པ་དང་དཔུང་རོགས་ཀྱིས་དཀར་མཛེས་གནམ་ཐང་སྐྲུན་སྐབས་གྲུབ་པའི་འཚོ་བའི་ཁུལ་ཞིག་རེད། རི་བོའི་ངོས་སུ་བསྐྲུན་པའི་གཙོ་གཟུགས་སྐྲུན་དངོས་ས་དོང་ཁྱུ་ཚོགས་ཀྱི་གནའ་ཤུལ་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ1.9ལ་ཟིན་པ་དང་ཁྱོན་ཐོག་བརྩེགས་བདུན་ཡོད་ལ་ད་ལྟ་ས་དོང1000ལྷག་ཡོད།

གནའ་ཤུལ་གྱི་རྩེ་རུ་འབུམ་ཤོག་བཅོ་བརྒྱད་པའི་བུད་མེད་སྔོན་གཤེགས་དཔའ་བོའི་བང་སོ་ཁང9ཡོད་པ་དང་། བྱང་དང་ཤར་ངོས་སུ་དེའི་སྐབས་སུ་མྱུར་སྐྲུན་བྱས་པའི་དཀར་མཛེས་གནམ་གྲུ་ཐང་ཡོད་ལ་དེ་སྔོན་ནུབ་སྐྱོད་དཔུང་སྡེར་དངོས་རྫས་མཁོ་འདོན་བྱེད་པར་སྲ་ཞིང་བརྟན་པའི་མཁའ་ལམ་སྐྱེལ་འདྲེན་གྱི་བགྲོད་ལམ་མཁོ་འདོན་བྱེད་མྱོང་ཡོད། རྒྱང་རིང་ནས་བལྟས་ན་ས་དོང་གོ་རིམ་དང་ལྡན་པར་སྣང་བས་དེ་ནི་སྦྲང་མའི་ཚང་དང་འདྲ་བར་གྲལ་བསྟར་འགྲིག་པའི་ཁྱད་ཆོད་དང་མཛེས་ཉམས་ཀྱིས་ཕྱུག། ཉེ་འཁོར་གྱི་ཁྱད་ཆོས་ལྡན་པའི་ཡུལ་མིའི་སྡོད་ཁང་དང་ཉམས་འགྱུར་ལྡན་པའི་བོད་གྲོང་། གངས་རི་དང་མཚེའུ་བཅས་ཀྱིས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་རང་བྱུང་། ས་དབྱིབས། ཆུ་དང་མཁའ་དབྱིངས་བཅས་གཞི་གཅིག་ཏུ་འདུས་པའི་མཛེས་ལྗོངས་ཤིག་གྲུབ་ཡོད་པ་རེད། དེ་བས་གལ་འགངས་ཆེ་བ་ཞིག་ནི་ལྗོངས་ཁུལ་དེ་གསར་བརྗེའི་དྲན་གསོའི་དོན་སྙིང་ལྡན་པའི་ལོ་རྒྱུས་ཀྱི་གནའ་ཤུལ་ཞིག་ཡིན་པའི་ངོས་ནས་སྐབས་དེ་དུས་ཀྱི་འབུམ་ཤོག་བཅོ་བརྒྱད་པ་བོད་དུ་བསྐྱོད་པའི་གསར་བརྗེའི་བྱེད་སྒོ་དང་དཀར་མཛེས་རྫོང་ཞི་བས་བཅིངས་འགྲོལ་བཏང་རྗེས་ཀྱི་ལོ་རྒྱུས་ཀྱི་བདེན་དཔང་བྱེད་པ་དང་། 2019ལོར་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་རིམ་པའི་རིག་དངོས་སྲུང་སྐྱོང་བྱ་ཡུལ་ཁག་དགུ་པར་ཚུད་པ་ཁྱབ་བསྒྲགས་བྱས། མིག་སྔར་དཀར་མཛེས་རྫོང་གེ་སར་རྒྱལ་པོའི་ལྗོངས་ཁུལ་ཞབས་ཞུ་ལྟེ་གནས་ཀྱིས་གཅིག་གྱུར་ཐོག་གཉེར་སྐྱོང་དོ་དམ་བྱེད་བཞིན་ཡོད་པ་རེད།

འབུམ་ཤོག་བཅོ་བརྒྱད་པའི་ས་དོང་ཁྱུ་ཚོགས་ནི་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་བཟོ་བཀོད་ཀྱི་རྣམ་པ་ཞིག་ཡིན་པར་མ་ཟད་གསར་བརྗེའི་རིག་གནས་ཀྱི་ཉམས་འགྱུར་བཟང་པོ་ཡང་ལྡན་པ་རེད། ཇི་ལྟར་བྱས་ནས་ས་དོང་ཁྱུ་ཚོགས་ཀྱི་གནའ་ཤུལ་དེ་དག་སོར་འཇོག་བྱ་རྒྱུ་དང་ཇི་ལྟར་བྱས་ནས་དྲན་ཤེས་དེ་རྒྱུན་མཐུད་བྱ་རྒྱུའི་ཐད་དཀར་མཛེས་རྫོང་གིས་ཚོད་ལྟ་བྱས་པ་རེད། ཉེ་བའི་ལོ་ཤས་རིང་། རིག་དངོས་གནའ་ཤུལ་དང་ཉེ་འཁོར་གྱི་ཁོར་ཡུག་སྲུང་སྐྱོང་ནུས་ལྡན་དང་རིག་གནས་ཐོན་ཁུངས་དང་རང་བྱུང་ཐོན་ཁུངས་རྒྱུན་མཐུད་ངང་སྤྱོད་ཐུབ་པ་མངོན་འགྱུར་བྱ་ཆེད། ལྗོངས་ཁུལ་གསར་སྤེལ་འཛུགས་སྐྲུན་བྱེད་སྐབས་ཐོན་ཁུངས་སྲུང་སྐྱོང་ཨང་དང་པོར་བཞག་ནས་གསར་སྤེལ་དང་སྲུང་སྐྱོང་གཉིས་མཉམ་འཛིན་བྱ་རྒྱུ་མཐའ་འཁྱོངས་ནས་རིག་གནས་ཡུལ་སྐོར་དབུལ་སྐྱོར་དང་ཡུལ་སྡེ་དར་རྒྱས་ཟུང་འབྲེལ་བྱས་ནས་གད་སྙིགས་དང་བཙོག་ཆུ་གཙང་སེལ་སོགས་ཁོར་ཡུག་སྲུང་སྐྱོང་གི་སྒྲིག་བཀོད་གཅིག་གྱུར་ཐོག་འཆར་འགོད་བྱས་ཏེ་ལྗོངས་ཁུལ་ནང་གི་བགྲོད་ལམ་བསྒྱུར་བཀོད་དང་ལྗང་བསྒྱུར་བྱས་པ་དང་། བྱ་ཐབས་རབ་དང་རིམ་པ་བཟོས་ནས་ལྗོངས་ཁུལ་ནང་གི་སྐྱེས་ཁམས་ཁོར་ཡུག་དང་རིག་གནས། མཛེས་ལྗོངས་བཅས་ཀྱི་ཁྱད་ཆོས་ལས་གྲུབ་པའི་རྒྱུ་རྐྱེན་གཙོ་བོ་ཁག་ལ་སྲུང་སྐྱོང་བྱས། གནའ་ཤུལ་ལྟ་སྐོར་དང་སྐྱེས་ཁམས་ལྟ་སྐོར་སོགས་ཡུལ་སྐོར་ཐོན་རྫས་དག་གསར་བརྗེའི་ས་གཞི་འདིའི་ཐོག་མཉམ་དུ་གནས་པར་བྱས་ནས་འབུམ་ཤོག་བཅོ་བརྒྱད་པ་བོད་དུ་བསྐྱོད་པའི་གཏམ་རྒྱུད་དེ་དཀར་མཛེས་ཀྱི་ཡུལ་གྲུ་ཀུན་གྱི་མིའི་སེམས་སུ་ཟུག་པར་བྱས། 2017ལོ་ནས་བཟུང་ཡུལ་སྐོར་བ་ལོ་རེ་བཞིན་མང་དུ་ཕྱིན་ཏེ་ཁམས་བྱང་གསར་བརྗེའི་ཡུལ་སྐོར་གྱི་གཙོ་གནད་ལྗོངས་ཁུལ་གྱི་གྲས་ཤིག་ཏུ་གྱུར་པ་རེད།

དཀར་མཛེས་རྫོང་རིག་གནས་དང་རྒྱང་སྒྲོག་ཡུལ་སྐོར་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ཕྱིན་ཆད་ཡུལ་སྐོར་ཐོན་ཁུངས་སྔར་བས་བསྡུ་སྒྲིལ་དང་ལེགས་སུ་གཏོང་བ་དང་། ཡུལ་སྐོར་ཐོན་རྫས་ཕུན་སུམ་ཚོགས་སུ་གཏོང་བ། ལེ་ལག་ཚང་བའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ། ཡུལ་སྐོར་ཁྲོམ་ར་གསར་འབྱེད་ཧུར་ཐག་བྱེད་པ། ཞབས་ཞུའི་སྤུས་ཚད་དང་དོ་དམ་ཆུ་ཚད་རྒྱུན་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ནས་རྫོང་ཡོངས་དང་ཐ་ན་ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི་ཆེད་དུ་བྱས་རྗེས་ཧུར་ཐག་གིས་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།།

(རྟ་མགྲིན་རྡོ་རྗེས་བསྒྱུར་ཅིང་ཀུན་དགས་པར་བླངས། )


  • ལེ་ཚན་སྔོན་མ།:རང་ཁུལ་གྱི་མི་སྒེར་དང་ཐུན་མོང་འདི་དག་ལ་གཟེངས་རྟགས་ཐོབ།
  • ལེ་ཚན་རྗེས་མ།:གསེར་རྟ་རྫོང་གིས་ངོ་མཚར་ཆེ་བའི་གཟུགས་མེད་རིག་གནས་ཤུལ་བཞག་འགྲེམས་འཁྲབ་བྱེད་སྒོ་སྣ་ཚོགས་སྤེལ།
  • དོ་སྣང་ཆེ་བའི་རྩོམ།