མཐུན་སྒྲིལ་གྱི་མེ་ཏོག་ལས་བདེ་སྐྱིད་ཀྱི་འབྲས་བུ་ཐོན།

        2023-07-10

དཀར་མཛེས་ཁུལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་དམ་པོར་བཅངས་ནས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི་ལག་ལེན་བྱ་སྤྱོད་སྤེལ་ནས་ལོ་གཅིག་སོང་བའི་ཕྱོགས་བསྡོམས།

མཐུན་སྒྲིལ་གྱི་མེ་ཏོག་ལས་བདེ་སྐྱིད་ཀྱི་འབྲས་བུ་ཐོན།

ཉག་ཆུ་རྫོང་གིས་རིག་གནས་བྱེད་སྒོ་སྤེལ་བའི་ཚུལ།

དཀར་མཛེས་ཁུལ་ནི་མི་རིགས་མང་པོ་འདུས་སྡོད་ཡོད་པའི་ས་ཁུལ་ཞིག་ཡིན་ཞིང་། དེར་རྒྱ་རིགས་དང་བོད་རིགས། དབྱིས་རིགས། ཧུའེ་རིགས། ཆའང་རིགས། འཇང་རིགས། སོག་རིགས་སོགས་མི་རིགས35ཡོད། ཞིང་ཆེན་ཡོངས་ཀྱི་མི་རིགས་ལས་ཀ་སྒྲུབ་ཡུལ་ཁུལ་ཆེན་ཞིག་ཡིན་པས། དུས་རབས་གསར་པའི་མི་རིགས་ལས་དོན་ཡག་མོ་བསྒྲུབ་རྒྱུ་གལ་འགངས་ཤིན་ཏུ་ཆེ།

ན་ནིང་སྤྱི་ཟླ7པ་ནས་བཟུང་། ཁུལ་ཡོངས་སུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་སྲ་བརྟན་དུ་གཏོང་ཞིང་། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི་ལག་ལེན་བྱ་སྤྱོད་སྤེལ་འགོ་བཙུགས་པ་ནས་བཟུང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཁྲི100ལྷག་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་སྲ་བརྟན་འགྱུར་མེད་ཀྱི་སྣེ་ཁྲིད་འོག་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་འདུ་ཤེས་སྲ་བརྟན་དུ་འཛིན་པ་རྒྱུན་འཁྱོངས་ཤིང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་ཀ་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་སྐྲུན་པའི་ནང་དོན་གཙོ་བོར་བྱས་ནས་དུས་རབས་གསར་པའི་ཏང་གི་མི་རིགས་ལས་ཀ་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་གཏོང་ཞིང་། མི་རིགས་སོ་སོ་འཆམ་མཐུན་མཉམ་གནས་དང་ཕྱར་བ་གྲུ་འདེགས། འཆམ་མཐུན་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་བཏོད་ཡོད་དོ།།

མི་རིགས་མཐུན་སྒྲིལ་གྱི་སེམས་མཐུན་ཟམ་པ་བཙུགས།

ནང་མི་ཚང་མ་བདེ་མོ་ཡིན་ནམ། འཚོ་བ་གང་འདྲ་འདུག་གམ། རྩ་འཛུགས་ཀྱིས་ང་རང་ཁྱེད་ཚོའི་ཁྱིམ་ལ་མཐུན་འབྲེལ་བྱེད་མཁན་བཀོད་སྒྲིག་བྱས་ཡོད། མ་འོངས་པར་ང་ནི་ཁྱེད་ཚོའི་ཁྱིམ་གྱི་ཁོངས་མི་ཞིག་ཡིན་པས། ཁྱེད་ཚོར་གནས་ཚུལ་གསར་པ་གང་ཞིག་འཕྲད་བྱུང་ན་ང་ལ་ཤོད་དང་། ཏང་ཀྲུང་དབྱང་དང་ཞིང་ཨུའི་སྲིད་ཇུས་བཟང་པོ་དང་སྙིང་དོན་གསར་པ་ངས་དུས་ཐོག་ཏུ་ཁྱེད་ཚོར་བརྒྱུད་བསྒྲགས་བྱ་ཆོག་ཅེས་པ་ནི་ན་ནིང་སྤྱི་ཟླ7པ་ནས་བཟུང་ཁུལ་རིམ་ཁག་སྡེ་ཚན་ཁག་གི་ཏང་མི་ལས་བྱེད་པས་སྔ་རྗེས་སུ་མཐུན་འབྲེལ་དུད་ཚང་དུ་བསྐྱོད་ནས་ཚང་མ་དང་ཁ་བརྡ་ལབ་ནས་གནས་ཚུལ་ཆ་རྒྱུས་ལོན་སྐབས་སུ་བཤད་པའི་ཁ་ལ་བྱང་བའི་སྐད་ཆ་རེད།

ཁུལ་རིམ་པའི་མགོ་ཁྲིད་ཀྱིས་སྣེ་ཁྲིད་མིག་དཔེ་སྟོན་པ་དང་རིམ་ཁག་ལས་བྱེད་པས་རང་དཔེ་གཞན་སྟོན་གྱིས་མང་ཚོགས་ཀྱི་མ་སྐུལ་དང་བླངས་ཀྱི་མཐུན་འབྲེལ་སྤྲོ་སེམས་འཕེལ་དུ་བཅུག་ནས་མི་རིགས་ཁག་གི་མང་ཚོགས་བར་གྱི་མཐུན་འབྲེལ་ཚ་ཚ་འུར་འུར་ངང་སྤེལ་ཡོད། ལོ་གཅིག་རིང་། རང་ཁུལ་གྱིས་གཏན་འབེབས་དུས་བཀག་ནང་ལས་བྱེད་ལས་བཟོ་ཁྲི6.5ལྷག་དུད་ཚང་ཁྲི26གི་མཐུན་འབྲེལ་དུད་ཚང་དུ་བསྐྱོད་པའི་ལས་འགན་ཐེངས་དང་པོའི་ལེགས་སྒྲུབ་བྱས་ནས“1+ 2+N”ཡི་མཐུན་འབྲེལ་ལམ་སྲོལ་ཁྱོན་ཡོངས་ནས་བཙུགས་ཡོད། དུས་མཚུངས་སུ་འཕྲལ་དུ་མཐུན་འབྲེལ་ཁྱིམ་ཚང་ལེགས་སྒྲིག་བྱེད་པ་དང་། ཁུལ་དང་རྫོང(གྲོང་ཁྱེར)གི་ཏང་སྲིད་མགོ་ཁྲིད་དམ་ཡང་ན་སྡེ་ཚན་གྱི་འགན་འཁུར་བ་གཙོ་བོས་འཕྲིན་བཅར་གྱི་གཙོ་གནད་མི་སྣའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། དུས་ཆེན་གལ་ཆེན་དང་དུས་མཚམས་གལ་ཆེན་སྤྱད་དེ་རྒྱུན་རྣམ་གྱི་མཐུན་འབྲེལ་མུ་མཐུད་སྤེལ་ཞིང་། རྫོང(གྲོང་ཁྱེར)ཁག་གཅིག་གིས་ཐུན་མོང་འབྱོར་ཕྱུག་གི་ནུས་པ་དཔེ་སྟོན་འདོན་སྤེལ་བྱེད་ཅིང་། མཐུན་འབྲེལ་ཁྱིམ་ཚང་གི་ཁོངས་མི་ཕྱིར་སྐྱོད་པ་དང་མཐོང་རྒྱ་ཆེ་རུ་འགྲོ་རྒྱུར་སྣེ་ཁྲིད་བྱེད་པར་མ་ཟད། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བར་འགྲོ་འོང་དང་སྤེལ་རེས་ལ་སྔ་བས་སྐུལ་འདེད་གཏོང་ཞིང་། ལག་ལེན་བྱ་སྤྱོད་སེམས་གཏིང་ལ་ཟུག་པར་བྱས་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་ཁྱིམ་གཞིས་འཛུགས་སྐྱོང་བྱེད་པ་དང་སེམས་ཤུགས་གཅིག་བསྒྲིམས་ཀྱིས་དུས་རབས་གསར་པ་ལ་བྱས་རྗེས་གཞག་ཏུ་འཇུག་པ་རེད།

རང་ཁུལ་གྱིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་དམ་པོར་བཅངས་ནས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི་ལག་ལེན་བྱ་སྤྱོད་སྤེལ་སྐབས་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་གཏང་རྒྱུ་དང་ཞིབ་ཅིང་ཕྲ་བ་ཡོང་བར་བྱ་རྒྱུ་གཙོ་གནད་དུ་བཟུང་ནས་རྒྱུན་གཏན་དམ་འཛིན་ཡག་པོ་བྱས་ཡོད།

མི་རིགས་མཐུན་སྒྲིལ་གྱི་གཙོ་གནད་ནི་སྙིང་གཏམ་ཤོད་རེས་བྱ་རྒྱུ་དེ་ཡིན་པས། རང་སར་གཞན་འཇོག་དང་གཅིག་སེམས་གཅིག་ལ་བརྗེ་བའང་ཡིན། “9·5”ལྕགས་ཟམ་རྫོང་དུ་ས་འགུལ་གནོད་སྐྱོན་ཐེབས་རྗེས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཁུལ་རིམ་པའི་ལས་ཁུངས་ཀྱི་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་ལས་བྱེད་པ642ཀྱིས་དུས་ཐོག་ཏུ་ལྕགས་ཟམ་དང་དུང་དཀར་ལུང་པའི་གནོད་འཚེ་ཕོག་པའི་ཁྱིམ་ཚང642ལ་མཐུན་འབྲེལ་བྱས་ཡོད། གྲོང་ཚོའི(བཀོད་སྒྲིག་ས་ཁུལ)ལས་དོན་རུ་ཁག104བཙུགས་ནས་ལས་བྱེད་ལས་བཟོ442མངགས་ཏེ་མང་ཚོགས་ཀྱི་ལས་དོན་སྤེལ་དུ་བཅུག་ཡོད། ཁུལ་བཅའ་སྡོད་དཔུང་སྡེས་རྒྱལ་སྲུང་སློབ་གསོ་དང་ལག་ལེན་བྱ་སྤྱོད་མཉམ་འདྲེས་ཤུགས་ཆེན་བྱས་ནས་འཕྲལ་དུ་འགུལ་འགོག་གནོད་སེལ་གྱི་ལས་དོན་ནང་ཞུགས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་རིགས་མཐུན་སྒྲིལ་གྱི་ཕྱོགས་གཅིག་ལ་དཀའ་ངལ་ཡོད་ན་ཕྱོགས་བཞི་མཚམས་བརྒྱད་ནས་རོགས་སྐྱོར་བྱེད་པའི་དྲང་ནུས་ཆེན་པོ་གཅིག་ཏུ་བསྒྲིལ་ཡོད།

ཞིང་ཆེན་ནང་ཁུལ་དང་ཀྲེ་ཅང་གི་ཁ་གཏད་རོགས་སྐྱོར་ལས་བྱེད་པས་མཐུན་འབྲེལ་དུད་ཚང1443གྱི་ཞིང་འབྲོག་པའི་ཁྱིམ་ཚང་ལ་རིམ་པ་མང་བའི་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ཀྱི་ལས་སྟེགས་ཧུར་ཐག་བསྐྲུན་ནས་སྔ་རྗེས་སུ་གཞོན་ནུ་ལོ་ཆུང་དང་གཞི་རིམ་ལས་བྱེད་པ།ཞིང་འབྲོག་མང་ཚོགས་བཅས་ཀྱི་འཐུས་མི1331སྒྲིག་འཛུགས་བྱས་ནས་ཀྲེ་ཅང་དུ་ལག་ལེན་བྱེད་སྒོ་སྤེལ་བར་བསྐྱོད་དེ་སློབ་ཐོན་སློབ་མ46ཀྲེ་ཅང་དུ་ལས་ཞུགས་བྱེད་རོགས་བྱས་པ་དང་གྲངས་ཉུང་མི་རིགས་སློབ་མ20ཀྲེ་ཅང་ཆེད་ལས་སློབ་གྲྭ་ལ་སློབ་ཞུགས་ཐུབ་པ་སྒྲིག་འཛུགས་བྱས་ཡོད།

མི་རིགས་མཐུན་སྒྲིལ་སེ་འབྲུ་བཞིན་དུ་དམ།

སྤྱི་ཁུལ་ནི་མི་རིགས་ཁག་གི་ཡུལ་མིའི་འཚོ་བའི་ཁྱིམ་ཚང་ཆེ་མོ་ཞིག་ཡིན་པས་ང་ཚོ་ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་སྲུང་སྐྱོང་ཡག་པོ་བྱ་དགོས་ཞེས་པ་ནི་དར་མདོ་གྲོང་ཁྱེར་མདོ་གྲོང་ཁྲོམ་གཞུང་འོད་ཟེར་སྤྱི་ཁུལ་གྱི་ལས་འཁྱུར་ངལ་གསོ་གཞིས་མི་བཀྲ་ཤིས་ཀྱིས་བཤད་པའི་སྐད་ཆ་རེད། ཁོ་རྒན་ཡོལ་ཞུས་རྗེས་ཚང་མའི་སྣེ་ཁྲིད་དེ་ཐང་ཆེན་དུ་སྐོར་བྲོ་འཁྲབ་ཅིང་། མི་རིགས་ཁག་གི་གྲོང་མི་ཚོས་དེ་གར་སྙན་འཇེབས་ལྡན་པའི་རོལ་དབྱངས་གཏོང་བ་དང་བསྟུན་ནས་དགའ་སྤྲོའི་དཔལ་ལ་རོལ་ནས་བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་སྤྲོ་སྣང་མཚོན་པར་བྱས་ཡོད།

འོད་ཟེར་སྤྱི་ཁུལ་ནི་མི་རིགས་མང་བའི་འདུས་སྡོད་ཁུལ་དཔེ་མཚོན་ཅན་ཞིག་ཡིན། འདུས་སྡོད་ཁུལ་ནང་ཁུལ་དུ་ཞིང་ཆེན་དང་ཁུལ། རྫོང་ཁོངས་གཏོགས་ཀྱི་ཁེ་ལས་དང་དོན་ལས་ཚན་པ38དང་། སློབ་གྲྭ་གཅིག་དང་དགོན་སྡེ་གཅིག། ཡེ་ཤུའི་ཆོས་ལུགས་ཀྱི་ཆོས་ཁང་གཅིག་བཅས་ཡོད། རྒྱ་རིགས་དང་བོད་རིགས། ཧུའེ་རིགས། ཆའང་རིགས། སོག་རིགས་སོགས་མི་རིགས་དུད་ཚང2318དང་མི་གྲངས3846འཚོ་སྡོད་བྱས་ཡོད། ང་ཚོས་སྤྱི་ཁུལ་གྱི་ཞབས་ཞུའི་ཚོམས་ཆེན་དུ་མི་རིགས་ལས་དོན་གྱི་ཞབས་ཞུའི་སྐར་ཁུང་ཆེད་དུ་བཙུགས་ནས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཤེས་པའི་སྤྱི་ཁུལ་གྱི་ལས་དོན་མི་སྣ་གདན་དྲངས་ཏེ་སྐད་གཉིས་ཀྱི་ཐོག་ནས་ཚང་མར་ཡིག་སྒྱུར་དང་ལན་རྒྱག་ཅིང་། མི་རིགས་ཁག་གི་མང་ཚོགས་ཀྱི་ལས་སྒྲུབ་ཐབས་ལམ་ཐོགས་འགག་མེད་པ་བྱས་ཡོད་ཅེས་འོད་ཟེར་སྤྱི་ཁུལ་གྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་དེ་ལྟར་བྱས་པ་རེད།

ཕན་ཚུན་མཐུན་སྒྲིལ་དང་རོགས་རེས་རྡོག་རྩ་གཅིག་སྒྲིལ་གྱི་བརྩེ་སེམས་མཚོན་པའི་གཏམ་རྒྱུད་ཀྱང་ཁུལ་ཡོངས་ཀྱི་ཁྲོམ་གཞུང་དང་སྤྱི་ཁུལ་ཚང་མར་ཐོན་ཡོད། བརྒྱད་ཟིལ་དང་འདབ་པ། ལྕགས་ཟམ། སྡེ་རོང་། འབའ་ཐང་སོགས་རྫོང་ཁག་གིས་བྱེད་ཐབས་སྣ་མང་མཉམ་སྤྱོད་བྱས་ནས་ཡུལ་ཤོག(གྲོང་རྡལ)དང་གྲོང་ཚོའི(སྤྱི་ཁུལ)དང་།“སེ་འབྲུ་ལས་ཀའི་ལྟེ་གནས”བཅས་ལ་བརྟེན་ནས“དགུན་དུས་བྱམས་སྐྱོང་བྱ་སྤྱོད་དུད་ཚང་དུ་སྤེལ་བ་དང་། སྲིད་ཇུས་དང་ཁྲིམས་སྲོལ་དུད་ཚང་དུ་སྒྲོག་འགྲེལ་བྱས་པ། དམངས་ཕན་ཞབས་འདེགས་དུད་ཚང་དུ་ཞུས་པ། མཐུན་འབྲེལ་དུད་ཚང་དང་འབྲེལ་གཏུག་རྒྱུན་ཆད་མེད་པ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་རྒྱ་ཆེ་བའི་ལས་བྱེད་པ་དང་མང་ཚོགས་སྐུལ་སློང་བྱས་ནས་ལས་སྒྲུབ་ཚོ་ཆུང་དུད་ཚང་དུ་སྲིད་ཇུས་སྒྲོག་འགྲེལ་སྤེལ་བར་ཕྱིན་ནས་མང་ཚོགས་ཀྱི་དཀའ་ངལ་དང་རེ་བ་ཐག་གཅོད་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙིང་དོན་དྲིལ་བསྒྲགས་ཡང་དག་བྱས་ནས་མང་ཚོགས་ཀྱི་སྐྱིད་སྣང་དང་བློར་བབ་ཚད་མཐོ་རུ་ཏན་ཏིག་བཏང་བ་རེད།

མི་རིགས་མཐུན་སྒྲིལ་གྱི་བདེ་སྐྱིད་མེ་ཏོག་བཞད།

མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དང་སྤུན་ཟླ་ཕན་ཚུན་རོགས་རམ་བྱས་ནས་འཆམ་མཐུན་ཡོང་བར་བྱས་ཏེ་ལོ་གཅིག་ནང་ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་མཚོན་དང་སྔོན་ཐོན་མི་སྣ་རྒྱུན་ཆད་མེད་པར་ཐོན་ཡོད། ཁོ་ཚོས་བརྩེ་སེམས་བཅངས་ནས་སྤྱི་ཚོགས་ལ་དྲིན་ལན་འཇལ་བ་དང་མི་རིགས་ཁག་གི་མང་ཚོགས་སྣེ་ཁྲིད་དེ་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་། དགེ་བའི་བྱ་སྤྱོད་དྲིལ་བསྒྲགས་བྱེད་པ། ཀུན་སྤྱོད་ཀྱི་མིག་དཔེ་དང་ཁྱིམ་སྲོལ་གྱི་མིག་དཔེ་བསྟན་ནས་སྤྱི་ཚོགས་ཡོངས་ཀྱི་ཀུན་སྤྱོད་ལ་བརྩི་མཐོང་དང་དགེ་སྒྲུབ་ཀྱི་སྲོལ་བཟང་དར་སྤེལ་བཏང་སྟེ་རང་ཁུལ་ཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི་ལེའུ་གསར་པ་ཧུར་ཐག་གིས་བརྩམས་པ་རེད།

མི་རིགས་ཁག་གི་མཐུན་སྒྲིལ་རོགས་རེས་ནི་ང་ཚོའི་གྲོང་ཚོའི་སྲོལ་རྒྱུན་ཞིག་རེད། སེམས་པ་གཅིག་ཏུ་གཏད་ནས་བསམ་བློ་གཏོང་བ་དང་ནུས་ཤུགས་གཅིག་ཏུ་སྒྲིལ་ཚེ་ང་ཚོའི་འཚོ་བ་གཞི་ནས་ཡག་ཏུ་འགྲོ་རྒྱུ་དང་བརྒྱད་ཟིལ་རྫོང་ཨ་རྡོ་ཕུག་གྲོང་ཚོའི་ཕྱུག་འགྱུར་གྱི་ལམ་བུ་གཞི་ནས་ཡངས་པོར་འགྲོ་ཐུབ་ཅེས་པའི་སྐད་ཆེ་དེ་ནི་བརྒྱད་ཟིལ་རྫོང་གི་མཐའ་ཁ་ཡུལ་ཤོག་ཨ་རྡོ་ཕུག་གྲོང་སྡེའི་གཞིས་མི་ཉི་ཁེ་ཁེ་ཅེ་ཡིས་ད་ཆའི་འཚོ་བ་གསར་པའི་སྐོར་གླེང་སྐབས་འཛུམ་དམུལ་དམུལ་ངང་དེ་ལྟར་བཤད་བྱུང་། ཁོས་གསར་འགོད་པར་ཨ་རྡོ་ཕུག་གྲོང་སྡེ་ནི་དབྱིས་རིགས་ཀྱིས་གཙོས་པའི་བོད་རྒྱ་སོགས་མི་རིགས་མང་པོ་འདུས་སྡོད་བྱེད་པའི་གྲོང་ཚོ་ཞིག་རེད། གྲོང་ཚོའི་ནང་གི་ཁྱིམ་ཚང་མང་པོ་ནི་དབྱིས་རིགས་དང་རྒྱ་རིགས། བོད་རིགས་ལས་གྲུབ་པའི་ཁྱིམ་ཚང་ཤ་སྟག་རེད། ཁོ་ཚོས་རང་རང་སོ་སོའི་མི་རིགས་ཀྱི་གོམས་གཤིས་ལ་བརྩི་འཇོག་བྱས་ནས་དགའ་སྤྲོའི་ངང་འཚོ་བ་སྐྱེལ་གྱི་ཡོད་ལ། སྲོལ་རྒྱུན་གྱི་དུས་ཆེན་འཆར་བའི་སྐབས་སུ་ཚང་མས་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་གྱོན་ཆས་གྱོན་ནས་མཉམ་དུ་དུས་ཆེན་གཏོང་གིན་ཡོད།

ལོ་གཅིག་རིང་ལ་རང་ཁུལ་གྱིས་ཐུན་མོང་འབྱོར་ཕྱུག་ཡོང་བའི་བརྗོད་བྱ་གཙོ་བོ་མངོན་གསལ་དོད་པོར་བྱས་ནས་ཕན་ཚུན་མཉམ་འདྲེས་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། ཁྱད་ཆོས་ལྡན་པའི་ཐོན་ལས་ལ་དམིགས་ཏེ་ཐུན་མོང་གི་དཔལ་འབྱོར་སྟོབས་ཆེར་གཏོང་བཞིན་ཡོད། ཁུལ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ2181ལ་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏང་རྒྱུའི་མཛུབ་ཁྲིད་བྱས་པ་དང་། ཆེད་དོན་མཉམ་ལས་སྨན་བཅོས་མཉམ་ལས་ཁང205དང་ཁྱིམ་ཚང་ཞིང་ར18ལ་ཁྱབ་འགྱེད་སྣེ་ཁྲིད་བྱས་ཡོད། ཞིང་དུད49689ལ་སྐུལ་ཁྲིད་བྱས་ཤིང་། གྲོང་ཚོ་རིམ་པའི་ཐུན་མོང་དཔལ་འབྱོར་ཡོང་འབབ་སྒོར་ཁྲི12947.3བྱུང་ཡོད་པ་རེད།

མཐུན་སྒྲིལ་ནི་ཉ་མོ་ཆུ་དང་བྲལ་ཐབས་མེད་པ་དང་བྱ་རྒོད་གཤོག་པ་དང་བྲལ་ཐབས་མེད་པ་ལྟ་བུ་རེད། ཁམས་ཀྱི་ས་གཞི་ཆེན་མོའི་གང་སར་མི་རིགས་ཁག་གི་མཐུན་སྒྲིལ་ཡར་ཐོན་དང་བདེ་སྐྱིད་ལྡན་པའི་འཚོ་བ། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན་པའི་འཆམ་མཐུན་གྱི་རྣམ་པ་ཡོངས་སུ་མངོན་པ་དང་མཐུན་སྒྲིལ་འཕེལ་རྒྱས་དེ་དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བཅས་ཀྱི་ཕྱོགས་གང་ས་ཅི་ཐད་ལ་ཁྱབ་ཡོད་པ་རེད།།

(ལྷ་འཛོམས་ཀྱིས་བསྒྱུར་ནས་ཞུས།)


  • ལེ་ཚན་སྔོན་མ།:ནུབ་རྒྱུད་དངོས་མང་སྟོན་ཚོགས་སུ་རང་ཁུལ་གྱི་སྐད་གྲགས་ཆེ་རུ་ཕྱིན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།