ཞུ་འཕྲིན་ངག་གི་མཆོད་པ།

ཁམས་པ་རབ་དབྱངས།        2023-07-07

མཁྱེན་བཟང་རབ་ཏུ་རྒྱས་པའི་ཆུ་གཏེར་ངོགས། ། ཐུགས་རྗེའི་དྲི་མེད་ཟླ་བའི་གདན་ལ་འགྱིང་། ། ཡོངས་འདུས་པདྨའི་གཟི་བྱིན་ཚལ་དུ་གཡོ། ། སྒྲ་དབྱངས་ལྷ་མོ་ཤིས་པའི་དཔལ་དུ་སྙིལ། །ཕྲིན་ལས་འོད་དཀར་འཛུམ་པའི་རླབས་ཕྲེང་གིས། །ཐུབ་བསྟན་ཟླ་གཞོན་གསལ་བའི་ལྷམ་མེ་བ། །སྲིད་ཞི་འཚར་སྡུག་གྲོལ་བའི་རྣལ་འབྱོར་པ། ། ཐུགས་རྗེའི་སྤྱན་རས་གཡོ་བའི་ཉི་མའི་གཉེན། །མང་ཐོས་གེ་སར་བཞད་པའི་འདབ་སྟོང་ལ། ། རིག་བྱེད་བུང་བ་སྦྲང་མའི་ཚོགས་ལ་འཁོར། །ཚུལ་ཁྲིམས་དག་པའི་དྲི་བསུང་ཟེགས་མ་ཡིས། །ཡང་དག་ལྷ་ཡི་གད་རྒྱངས་ཁྱེད་ལ་བསྔགས། །ལེགས་བྱས་མཆོད་པའི་སྤྲིན་ཕུང་འདི་དག་ལ། །སྙིང་རྗེའི་སྤྱན་ཆབ་འཐོར་བའི་ཀུན་གཟིགས་པ། །རྒྱལ་ཀུན་གསང་གསུམ་བསྡུས་པའི་གར་རོལ་བ། །རྣམ་འདྲེན་ཞི་བའི་ཕྲིན་ལས་སླར་ཡང་འཚེར། །ཡངས་པའི་གཙུག་ལག་རྒྱ་མཚོའི་ཕ་མཐའ་ནས། །མཁྱེན་དཔྱོད་ཉི་མའི་རིགས་ཁྲུངས་སྲས་པོ་འདི། །གདུལ་བྱའི་གླིང་བཞིར་ཁྱབ་པའི་མཚོ་ཆེན་ནས། །བསྟན་པའི་ཉི་མ་གཟི་བྱིན་དབྱིངས་སུ་འཕྲོས། ། རྟོགས་གྲོལ་ཡོན་ཏན་བྱེ་བའི་མཛོད་འཆང་བ། །མཛད་བཟང་མེ་ཏོག་འཐོར་བའི་ཞི་བའི་ཚངས། །སྐབས་གསུམ་ལྷ་ཡི་ཁང་བཟང་རྩེ་མོ་ནས། །ཞུ་འཕྲིན་མེ་ཏོག་ཕུལ་བའི་ངག་དབང་ལྷ།། ལུང་རྟོགས་གསེར་ཀྱི་བུམ་བཟང་བརྡོལ་བ་ན། ། ཤེས་རབ་ཐུགས་བསྐྱེད་མངའ་བའི་མཚན་དཔེ་ཅན། ། དབང་ལུང་རྒྱུད་ཀྱི་རིགས་ཚོགས་འཁོར་ལོ་ཁྱེད། ། ངག་རིག་མཆོད་པའི་བདུད་རྩི་ཅི་དགར་རོལ། ། སྙན་ཚིག་ངག་གི་སྤྲོས་པ་འདར་བའི་དབྱངས། ། མཚར་སྡུག་ལྗོན་པའི་དཔག་བསམ་ཡངས་པོ་ལ། ། ཚིག་རྒྱན་སིལ་མའི་སྒྲ་དབྱངས་རིང་མོ་འདི། ། དབྱངས་ཅན་ངག་གི་ཟླ་བ་འཛིན་གྱུར་ཅིག ། མཁྱེན་པའི་ཆུ་གཏེར་ཟབ་ཅིང་བརླིང་པ་འདི། ། བློ་གྲོས་བྱེ་བའི་སྟོན་ཟླ་རབ་རྒྱས་པ། ། སྙན་ངག་ཟླ་བ་གཞོན་ནུ་རབ་ཏུ་མཛེས། ། དབྱངས་ཀྱི་སིལ་བུ་འདི་དག་གྲོལ་གྱུར་ཅིག ། ཚིག་དང་ངག་གི་སྦྱོར་བ་ཕུན་སུམ་ཚོགས། ། རྩོམ་པའི་ཆུ་རླབས་པདྨའི་རྫིང་བུ་བཞིན། ། ངག་རིག་འགྲོས་མའི་གཤིས་ལ་གསོན་པ་ན། ། ལེགས་བྱས་མཆོད་པའི་སྤྲིན་ཕུང་རབ་ཏུ་བརྗིད། ། སྙན་ཚིག་ངག་གི་གྲེ་བ་གདངས་འཛིན་པའི། ། བཞིན་ལེགས་མུ་ཏིག་སྒེག་མོའི་ཟོལ་སྦྱོར་གྱིས། ། ཤེས་བྱའི་ལྷ་ལམ་ཡངས་པོར་ཟབ་ས་རུ། ། རྒྱལ་ཡུམ་ལྷ་མོ་ཤིས་པའི་དཔལ་ལ་སྩོལ། །གང་ཞིག་ཡིད་ལ་མངོན་པའི་མཛེས་བྱེད་མ། ། ཨུཏྤལ་མདངས་ཀྱི་བཀྲ་བའི་སྒྱུ་མའི་གཟུགས། །སྟོང་སྣང་འཕྲུལ་མ་འདི་ཡི་སྣང་བ་ལ། ། སྲིད་པའི་ཆེ་བ་རྫོགས་པའི་བཅོམ་ལྡན་མ། ། ཉི་ཟླ་སྤྱན་རས་གཡོ་བའི་འཛུམ་ཟེར་ལ། ། ངོ་མཚར་འཕྲུལ་བའི་ཆ་ཤས་རྫོགས་པ་ན། ། ཟབ་དོན་གླུ་ཡི་སྒྲ་དབྱངས་རིང་མོ་ལ། ། ཚིག་སྦྱོར་ངག་གི་སྦྱོར་བ་ཕུན་སུམ་ཚོགས། ། གང་གི་མཁྱེན་རབ་ཉི་མའི་དཀྱིལ་འཁོར་གྱིས།། བློ་གྲོས་བྱེ་བའི་སྒྲོན་མེ་གསལ་མཛད་མཁན། ། ཟབ་དང་རྒྱ་ཆེན་ཚུལ་ལ་མཁས་བཙུན་པའི།། བཅོམ་ལྡན་ལྷ་མོ་གང་གིས་ཁྱོད་ཉིད་སྲུངས། ། གདོད་ནས་མ་སྐྱེས་ཞི་བའི་སྐུ་ལུས་ཅན། ། བརྒྱད་གཉིས་སྟོང་བའི་ན་ཚོད་མ་ཉམས་པར།། གཞོན་ནུའི་ལང་ཚོའི་ཆ་ཤས་སྨིན་པ་མ། ། རྒྱལ་ཡུམ་ཟུང་དུ་འཇུག་པའི་མཆོག་མ་ཉིད།། རླབས་ཆེན་ཚོགས་གཉིས་བསགས་པའི་ཆུ་གཏེར་ལས། ། སྤངས་རྟོགས་ཡོན་ཏན་རྫོགས་པའི་དཔལ་ཐོབ་པའི། ། ཐོས་བསམ་རྩེད་དགས་རོལ་བའི་དགའ་སྟོན་ནས། ། དབྱངས་ཅན་ངག་གི་སྒྲ་དབྱངས་ཁྱེད་ལ་སྲུངས།། ཕྲིན་ལས་འོད་དཀར་འཛུམ་པའི་རླབས་ཕྲེང་གིས། ། རྨད་བྱུང་རྫོགས་ལྡན་གསར་བའི་འཁྲི་ཤིང་གཡོ། ། ཐུགས་བསྐྱེད་ཟླ་བ་དཀར་པོའི་ཉམས་སྣང་ལ། ། ལེགས་ཚོགས་དགེ་བའི་གྲུ་ཆར་རབ་ཏུ་འཇོ། ། གང་སྐུ་ལྷུན་པོ་མི་འགྱུར་བརྟན་ཞིང་བརྗིད། ། གང་གསུངས་ཚངས་པའི་སྒྲ་དབྱངས་རྔ་གསང་ཉིད། ། གང་ཐུགས་མི་འཇིགས་སྤོབས་པའི་གདན་བཞུགས་གསོལ། ། གང་བྱུང་ཚིག་སྡེབ་བཅོས་མའི་མགྲིན་དབྱངས་ལ།། བྱིན་རླབས་བདུད་རྩི་ཟེགས་མ་ཆར་དུ་སྙིལ།། ངག་རིག་འཕྲུལ་བའི་རིགས་གསུམ་མདངས་འཛིན་པའི།། རྒྱལ་ཀུན་གསང་བའི་ཡབ་གཅིག་ཁྱོད་མིན་སུ། ། ཚིག་གི་པུར་གྱིས་བྲིས་པའི་ཆབ་ཤོག་དག ། དོན་གྱི་བྱུང་བ་བརྗོད་པའི་རྟོགས་བརྗོད་ཡིན།། རིག་བྱེད་བཏགས་པའི་ཉམས་དགའི་གླུ་ངག་འདི།། ཕུལ་བྱུང་ཚིག་གི་རབ་བཏགས་མ་ཡིན་ནོ།།

  • ལེ་ཚན་སྔོན་མ།:ཇ་ཞོར་གྱི་དྲན་སྣང་།
  • ལེ་ཚན་རྗེས་མ།:ཡབ་ཆེན་དྲན་པའི་ཚོར་རླབས་ དལ་བཞུར་མ།