གཟུགས་ཀྱི་ལྷ་མོ།

རྫ་ཤུལ་བློ་བཟང་།        2023-06-30

སྙིང་གཏམ་བདུད་རྩི་ཡི་མཚོ་མོ་འཁྱིལ་དུས། །

དྲན་པའི་ཕྱི་ནང་གི་འཆར་སྣང་མངོན་ཡོད། །

མགྲིན་སྙན་སྙིང་གཏམ་གྱི་སྒོ་མོ་འབྱེད་དུས། །

རེ་བའི་རུམ་ནང་གི་ཟླ་འོད་ལྷ་མོ། །

ལས་དབང་མིག་དར་གྱིས་མགོ་བོ་དཀྲིས་ནས། །

རྣམ་དག་སྨོན་ལམ་གྱིས་ཐལ་སྦྱར་བྱས་ཏེ། །

བརྩེ་བའི་རྨི་ལམ་གྱིས་འཇིག་རྟེན་བཞེངས་དུས། །

ནང་སེམས་གུར་ཁང་གི་དྲན་པའི་ལྷ་མོ། །

ཆ་མེད་རྒྱུས་མེད་ཀྱི་འཁོར་བའི་མགྲོན་པོ། །

ཆ་ཡོད་མིག་ཟུར་གྱི་མདའ་མོ་འཕེན་རེས། །

ཆ་འགྲིག་དུང་སེམས་ཀྱིས་མདུད་པ་བསླས་དུས། །

ནང་སེམས་བཅོལ་ས་དེ་ཞི་བའི་ལྷ་མོ། །

སྐྱོ་བའི་མིག་ཆུ་ཞིག་ཐར་ཐོར་ཉིལ་དུས། །

དྲན་པའི་ན་ཟུག་གིས་སེམས་པ་བཟི་སོང་། །

གདུང་སེམས་མཉམ་གནས་ཀྱི་མི་ཞིག་དྲན་ན། །

ཞེ་མཐུན་ཆུང་འདྲིས་ཀྱི་རྩེད་རོགས་བུ་མོ། །

ཉམ་ཆུང་གཤིས་བཟང་གི་རང་ཚུགས་བརྟན་པོ། །

ཡ་རབས་ཚུལ་མཐུན་གྱི་ཡོན་ཏན་ལྡན་པའི། །

བཅོས་མིན་འཛུམ་མདངས་ཀྱིས་ཕྱུག་པའི་སྒེག་མ། །

བརྗེད་མེད་དྲན་ཤིང་གི་གཟུགས་ཀྱི་ལྷ་མོ། །

ཚིག་གི་སྒྱུ་འཕྲུལ་རྣམས་ཡི་གེར་ཕབ་ཅིང་། །

ཚོར་བའི་རྒྱུད་སྐུད་ཀྱི་རོལ་མོ་དཀྲོལ་ན། །

འཛུམ་ཆུང་ཡིད་འོང་གི་མཛེས་སྡུག་ལྡན་མ། །

དྲན་སེམས་མཚོ་ནང་གི་དབྱངས་སྲས་ལྷ་མོ། །

གར་འགྲོ་གང་འདུག་ལ་སེམས་ཁུར་ཡོད་ཅིང། །

དགའ་སྐྱོ་ཚོར་སྣང་གི་རི་མོ་མཉམ་འབྲི། །

འཁོར་བའི་ཉིན་སྲིབ་ནས་རྙེད་པའི་སྨན་ཆུང་། །

ཡིད་ཀྱི་འཁེན་ས་དེ་རེ་བའི་ལྷ་མོ། །

ཚིག་དང་ཐ་སྙད་ལ་ངོ་ལྐོག་མེད་ན། །

སྒྱུ་མའི་རྨི་ལམ་གྱིས་འཇིག་རྟེན་བསྐྲུན་ཆོག །

འཛེམ་དོགས་སུན་སྣང་གི་སྐྱོ་བ་མེད་ན། །

སྙན་ངག་ཁྲི་འབུམ་གྱི་བརྗོད་གཞི་ཁྱོད་ཡིན། །



  • ལེ་ཚན་སྔོན་མ།:སྙན་ཚིག་པདྨའི་གྲིབ་བསིལ།
  • ལེ་ཚན་རྗེས་མ།:རང་བྱུང་ཁམས་ཀྱི་གཞས།