མི་དང་རྒྱ་མཚོ།

ལུ་གུ།        2023-06-25

མིས་རྒྱ་མཚོ་ལ་ཁ་གཏད་དུས་

ཡིད་སེམས་ལ་ཅི་ཞིག་འཁོར་ཡོང་།

འཁོར་ཡོང་བ་ནི་མཚོ་ཆུའི་མཐུག་སྲབ་དང་

རྒྱ་མཚོའི་ཕ་རོལ་གྱི་ཡུལ་ལྗོངས་མ་ཡིན་པར།

བྱེ་ཐང་གི་བྱིས་པ་དེ་ཚོས་བྱེ་དོང་བརྐོས་ཤིང་།

ཡང་དེ་རུ་ཆུ་ལྡུག་བཞིན་པའི་ལྟད་མོ་དེ་དང་

དགོད་ཞོར་དུ་བདའ་རེས་བྱེད་དུས་ཤུལ་དུ་ལུས་པའི་རྐང་རྗེས་ཆུང་ཆུང་དེ་དག་གི་གྲངས་ཚད་ཡིན་སྲིད།

མིས་རྒྱ་མཚོ་ལ་ཁ་གཏད་དུས་

ཡིད་སེམས་ལ་ཅི་ཞིག་འཁོར་ཡོང་ངམ།

འཁོར་ཡོང་བ་ནི་གཡོར་གྲུ་དང་གླིང་ཕྲན་གཉིས་ཀྱི་བར་ཐག་སོགས་མ་ཡིན་པར།

མཚམས་ལན་རེར་མཚོ་ཐོག་ཏུ་ལྡིང་སྐོར་རྒྱག་གིན།

མི་མཐོང་བར་འགྱུར་འགྲོ་བའི་ཆུ་སྐྱར་དེ་ཚོ།

དོན་ངོ་མར་གྲོང་ཁྱེར་གྱི་ལྕགས་དྲྭ་ལ་སྐྲག་གམ་

ཡང་ན་སྟོན་ཁ་འདིའི་ཚ་བ་ལ་ཞེད་དམ་ཞེས་པའི་སེམས་གཅོང་དེ་རེད།

རེད་ཡ།

ཆུ་སྐྱར་ཚ་བ་ལ་སྐྲག་མི་སྲིད།

ཁོ་ལ་རང་དབང་གི་གཤོག་པ་ཐོགས་ཡོད་པས་སོ།།

མིས་རྒྱ་མཚོར་ཁ་གཏད་དུས་

བློ་ཡིད་ལ་ཅི་ཞིག་དྲན་ནམ།

དྲན་ཡོང་བ་ནི་རྒྱ་མཚོ་ཆེན་པོ་དང་ནམ་མཁའ་གཉིས་ཀྱི་འདྲེས་མཚམས་དེ་མ་ཡིན་པར

མཚོ་སྙོམས་དྲུག་སྟོང་དྲུག་བརྒྱའི་ཕ་ཡུལ་གྱི་གངས་རི་ཡིན་ཡང་སྲིད།



  • ལེ་ཚན་སྔོན་མ།:དབྱངས་ཀྱི་ཟིལ་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།