དེང་གི་གྲོགས་པོའི་ངོ་གདོང་།

སད་མ།        2023-06-09

ཁ་ཡག་ཡག་གིས་ཞེ་སེམས་བསྒུལ་ཏེ། །

ཚིག་འཇམ་འཇམ་གྱིས་ཡིད་རབ་དྲངས་པའི། །

དུས་མཚར་མཚར་གྱི་ཁུག་སོ་འདི་ནས། །

དོན་ལྡན་ལྡན་གྱི་གྲོགས་པོ་མི་འདུག །

དུས་ཐུང་ཐུང་ངང་མཉམ་དུ་འགྲོགས་ཚེ། །

སེམས་དུང་དུང་གི་རྣམ་པ་མངོན་ཡོང་། །

སྤྲོ་ལྷང་ལྷང་གི་འཚོ་བ་སྐྱེལ་དུས། །

གང་བལྟས་བལྟས་ལ་གྲོགས་པོས་གང་ཡོད། །

ལས་སྐྱིད་སྡུག་གི་ལ་མོ་བརྒལ་དུས། །

བློ་ཡིད་ཆེས་ཅན་ཕལ་ཆེར་དཀོན་ནོ། །

ཐོབ་རྒྱུ་འབྱོར་གྱི་ལོངས་སྤྱོད་མེད་ན། །

མིག་མང་པོ་ཞིག་ལོང་བའི་ཚུལ་རེད། །

ལུས་མེ་ཏོག་གི་བཞད་ཁ་གྲོལ་དུས། །

སྟོབས་ལང་ཚོ་ཡིས་མཛེས་པས་ཕྱུག་ཚེ། །

ས་གར་སོང་ལ་གྲོགས་པོ་མང་ཡང་། །

ཡུན་མི་རིང་བར་ལྐོག་གཏམ་བཤད་ཡོང་། །

གཞོན་ལོ་ཆུང་གི་སེམས་པའི་སྣང་བ། །

མཐོ་སྤྲིན་དཀར་བཞིན་མཁའ་ལ་ལྡིང་ཡང་། །

འདྲིས་དགོས་པ་ཡི་མི་ཞིག་བདོག་ན། །

བློ་ཚོམ་ཚོམ་གྱིས་སེམས་པ་མ་གཏད། །

སྐྱིད་ཟེར་བ་དེ་ཐོག་ལ་ལྷུང་དུས། །

འཛུམ་མེ་ཏོག་ཅན་སྤྲིན་ལྟར་འདུ་ཡང་། །

ལས་བསོད་ནམས་ཀྱིས་གྲོགས་རེ་ཡོད་ན། །

ཚེ་འདི་དག་ཏུ་འཕྲད་ཐབས་དཀའ་རེད། །

ཚིག་སྙན་མོ་དེ་ཁུ་བྱུག་དབྱངས་རེད། །

གཤིས་ཡག་པ་དེ་གཡང་དཀར་བལ་རེད། །

སྡུག་རི་བོ་ཡིས་མགོ་བོ་མནན་དུས། །

ཁྱོད་ཟེར་བ་ནི་ནམ་མཁའི་འཇའ་རེད། །

ངོ་ཤེས་ཤེས་ཀྱི་གཡམ་ལ་མ་རྒྱུགས། །

འདྲིས་མདོག་མདོག་གི་ཨ་གསར་མ་བྱེད། །

ཡུན་ཐུང་ཐུང་གི་མི་ཚེ་འདི་ནས། །

གྲོགས་དགའ་དགའ་དེ་ཁ་ལ་ཡོད་དོ། །

དུས་ཉེར་གཅིག་གི་ལོ་ཟླ་འདི་རུ། །

བསླུ་ཟེར་བ་འདི་ཤིན་ཏུ་མང་བས། །

གཏམ་སྔ་ཕྱི་ལ་མཐུན་པ་འདུག་ཅེས། །

གྲོགས་ཟེར་བ་དེའི་ཐ་སྙད་མ་འདོགས། །

བདེན་ཟེར་ཟེར་ཞིག་ཀུན་ལ་ཡོད་འདུག །

ཡིད་རྟོན་པ་ཡི་སྙིང་གཏམ་མ་བཤད། །

གཡོ་བྱ་བ་ཡིས་བསླུ་བྲིད་གཏོང་དུས། །

འགྱོད་དགོས་པ་དེ་རང་སྡུག་ཙམ་རེད། །

རང་ལག་པ་དེ་བྲང་ལ་བཞག་ནས། །

འདང་ས་བོན་ཞིག་ཞིང་ལ་ཐོབས་དང་། །

ལས་རྒྱུ་འབྲས་ལ་བསླུ་བ་མེད་ན། །

དོན་གནས་ལུགས་ཀྱི་འབྲས་བུ་སྨིན་ཡོང་། །



  • ལེ་ཚན་སྔོན་མ།:སྣུམ་ཚོན་མེ་ཏོག
  • ལེ་ཚན་རྗེས་མ།:གནས་སྐབས་མེད།