ང་འཁོར་བའི་གྲོང་གི་གླུ་བ་ཡིན།

རྫ་ཤུལ་བློ་བཟང་།        2023-06-07

འཇའ་ཁ་དོག་སྣ་ལྔའི་གུར་ཁང་གི་དབུས་སུ། །

ཐུགས་ཞི་བའི་མདངས་ལ་ཁྲོ་གཉེར་གྱི་ཟུར་ཙམ། །

ངག་ཚངས་པའི་དབྱངས་ལ་བདེ་སྟོང་གི་གར་མ། །

ཡིད་མཚོ་མོའི་ཁད་ཀྱི་ངང་ཆུང་དང་འདྲ་བ། །

སྐུ་ལང་ཚོ་མཛེས་ལྡན་ན་ཆུང་གི་སྒེག་ཉམས། །

ཞལ་ཟླ་བའི་དཀྱིལ་འཁོར་བྱུར་དམར་གྱི་མཆུ་སྒྲོས། །

བྱམས་སྙིང་རྗེའི་མངའ་བདག་སངས་རྒྱས་ཀྱི་སྤྱན་མ། །

ཡིད་ཨུཏྤལ་གཞོན་ནུའི་གེ་སར་གྱི་སྒྲོམ་བུ། །

སྤྲིན་དཀར་པོ་གཡོ་བའི་བར་གསེང་ནས་འཐོར་བའི། །

ཆར་ཟམ་ཟིམ་འབབ་པའི་དངོས་གྲུབ་ཀྱི་རུ་མ། །

ཁྱོན་ཡངས་པའི་ས་ཆེན་ཕང་བ་རུ་སྙིལ་དུས། །

རྩི་མེ་ཏོག་རྒྱས་པའི་དགའ་ཚལ་དེ་མཛེས་སོང་། །

བྱེའུ་འཇོལ་མོའི་གསུང་སྐད་བར་མེད་དུ་གྲག་པས། །

སེམས་སྐྱོ་མོའི་གྲང་ངར་རྒྱང་རིང་དུ་བདས་བྱུང་། །

ཆབ་གཙང་པོའི་རླབས་རྒྱུན་ཇེ་རྒྱས་སུ་གྱུར་པས། །

འཛུམ་པདྨ་དཀར་པོའི་སྐྱེད་ཚལ་ཡང་བཀྲ་སོང་། །

རྫ་མཐོན་པོའི་དབུ་རྩེ་མཁའ་དབྱིངས་སུ་ཟུག་ནས། །

མདངས་མཚམས་སྤྲིན་ལག་པས་རི་མོ་ལྟར་བྲིས་པ། །

སེམས་ཀུན་རྟོག་འཁོར་ལོ་བར་མེད་དུ་བགྲོད་ནས། །

ཞེ་དྲན་པའི་ན་བུན་འཇིག་རྟེན་དུ་བཞེངས་ཡོད། །

ཚེ་རིང་ཐུང་ཆ་ཡོད་ཆ་མེད་ཅིག་མ་རེད། །

དུས་ཐུང་ངུའི་ཞོགས་པའི་ཟིལ་བ་དང་འདྲ་བྱུང་། །

ལར་འཇིག་རྟེན་འཁོར་བ་འདུ་འབྲལ་གྱི་གནས་སུ། །

དབྱངས་རིང་ཐུང་མི་འདྲ་རྗེ་བཙུན་གྱི་མགུར་མ། །

ལས་སྨོན་ལམ་དཀར་པོ་རྨུ་ཐག་གིས་སྦྲེལ་བས། །

ཞལ་མཇལ་ཙམ་བྱུང་བ་ཐེངས་གཅིག་གི་མགྲོན་པོ། །

ཚེ་ཕྱི་མའི་ཡུལ་ནས་དུས་ཆད་རང་མེད་པས། །

གཞི་འཁོར་བའི་རྨི་ལམ་རིང་མོ་ལ་འཐམས་ཡོད། །

ཕྱི་དུས་བཞི་བུ་མོའི་འགྱུར་ལྡོག་དང་འགྲོགས་ནས། །

ནང་སྐད་ཅིག་སྒྱུ་མའི་རྡུལ་ཕྲན་ལ་འཁྲིས་པས། །

དེའི་མི་རྟག་འཁོར་བའི་ཟློས་གར་གྱི་ངོས་སུ། །

ང་འཁྲབ་གཞུང་རྩོམ་པའི་སྒྱུ་རྩལ་གྱི་གླུ་བ། །

ཕྱོགས་ངེས་མེད་འཁྱམས་པའི་བུ་ཆུང་གི་སྣང་བ། །

སྟོན་ཆུ་ཕྲན་བཞུར་བའི་མཛའ་གླུ་ལ་འཁྲེང་ནས། །

ཚིག་ཐ་སྙད་མང་པོས་བཙན་རྫོང་ཞིག་བརྩིགས་ཏེ། །

ངག་འཁྲུལ་མེད་དབྱངས་ལ་རྣམ་ཤེས་དེ་ཐིམ་ཡོད། །


  • ལེ་ཚན་སྔོན་མ།:སྙིང་པོ་སྟོང་པའི་སྒྱུ་འཕྲུལ་ཚོགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།