དྲུག་གཅིག་དགའ་བས་བསུ། བྱིས་པའི་བསམ་དོན་འགྲུབ།

​ཉི་གཞོན།        2023-06-02

ཨ་རོག་གངས་ཅན་བོད་ཀྱི་བྱིས་པ་ཚོ།།

ཧ་ཅང་སྤྲོ་སྐྱིད་ལྡན་པའི་དུས་དེ་རིང་།།

ཨ་ཕ་ཨ་མས་བྱིན་པའི་སྒོར་མོ་ཡིས།།

ཧ་ལ་ལྟ་བུའི་སིལ་ཟས་མ་ཉོ་ཨ།།


ས་ཕྱོགས་སྟོད་སྨད་བར་གྱི་བྱིས་པ་ཚོ།།

ཤ་དར་ལང་ཚོ་རྒྱས་པའི་དུས་སྐབས་ལ།།

ལ་རྒྱའི་མགོ་འཕང་མཐོ་རུ་བསྒྲེང་ནས་སུ།།

རང་རིགས་མདུན་ལམ་མ་བརྗེད་དོག་མོ་ས།།


ཡ་རབས་སྔོན་ཐོན་རིག་གནས་ནང་འདྲེན་དགོས།།

འ་ཅག་སྲོལ་རྒྱུན་རིག་གནས་དར་སྤེལ་དགོས།།

ཟས་རིགས་གཙང་སྦྲ་འཕྲོད་རྟེན་དོ་སྣང་དགོས།།

ཞོགས་རྩལ་ལུས་སྦྱོང་རྒྱུན་ཆད་མི་རུང་ཡ།།


ཝ་རྒྱ་ལྟ་བུའི་དུས་རབས་ཉེར་གཅིག་ལ།།

ཛ་དྲག་ཆེ་བའི་གྲོང་དང་གྲོང་ཁྱེར་ཀུན།།

ཚ་ཐོག་གཅིག་ལའང་ཁོམ་པ་བྱུང་དཀའ་བའི།།

ཙི་ནའི་ཡུལ་སོགས་ལྟད་མོ་རྒྱང་ལྟོས་ཝེ།།


མ་མཐོང་རང་སྣང་ཆེ་བའི་སྐྱེ་བོ་ནི།།

བ་ལང་གཞུང་ལམ་དཀྱིལ་ནས་ཉལ་བ་ལྟར།།

ཕ་རོལ་པོ་ཡིས་མཐོང་ན་ཁྲེལ་ཅིང་དགོད།།

པར་ཞིག་བརྒྱབ་ནས་བསྐུར་དུས་བླ་བཙོང་མ།།


ན་ནིང་དོ་ཚིགས་ཆ་རྐྱེན་ཇེ་ཡག་རེད།།

ད་ལོ་སང་ལོ་དེ་ལས་ཡག་ཀྱང་སྲིད།།

ཐམས་ཅད་ཁ་པར་ནང་ལ་མགོ་འཁོར་ན།།

ཏ་ལེན་ཅན་གྱི་མདུན་ལམ་སུས་སྐྱོང་ན།།


ཉ་ཉོག་མི་བཤད་དྲུག་གཅིག་དུས་ཆེན་ལ།།

ཇ་མགོ་རླངས་པ་ཐུལ་ལེར་མཆོད་ཅིག་འཕེན།།

ཆ་ལུགས་ཀུན་དང་མཐུན་པའི་གླུ་ཞིག་ལེན།།

ཅ་ཅོ་འདུ་འཛི་སྤངས་ནས་ལེགས་པོར་ཉོན།།


ང་ཚོའི་མི་རིགས་ཤིག་གི་རེ་བ་ནི།།

ག་ཐག་ཁྱོད་ཚོར་དབང་བས་འབད་པ་དགོས།།

ཁ་བ་ཅན་གྱི་ཕྱི་ནང་གསང་གསུམ་པོ།།

ཀྭ་ཡེ་བདག་པོ་ཁྱེད་ལས་སུ་ཞིག་ངོམ།།


  • ལེ་ཚན་སྔོན་མ།:བྱིས་དུས་ཀྱི་དྲན་རིག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།