མཚོ་སྔོན་གྱིས“འཕུར་སྲུང་བྱ་སྤྱོད”ལ་བརྟེན་ནས་དུས་བྱའི་བདེ་འཇགས་སྲུང་བ།

ཀྲང་ཧུང་ཤུས།        2023-06-01

  ཟླ་ལྔ་པ་ཤར་བ་དང་བསྟུན། མཚོ་སྔོན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་དུར་ལམ་རྫོང་འབའ་ལུང་ཤང་ཐེ་སི་ཀའེ་ས་ཁུལ་དུ་སྔོ་ལྗང་ལྗོན་ཤིང་གོས་སུ་བཀླུབས་ཤིང་། སྤང་ལྗོངས་སྔོན་མོ་གདན་ལ་བཏིང་བ་དང་། དྲོ་སྐྱིད་ལྡན་པའི་གནམ་གཤིས་ལས་མི་རྣམས་ཕྱི་རོལ་གྱི་རང་བྱུང་ཁམས་ཆེན་པོའི་མཛེས་སྡུག་ལ་མྱོང་རོལ་བྱེད་པར་བསྐྱོད་རྒྱུའི་ཡིད་དབང་བཀུག་ཅིང་། དུར་ལམ་རྫོང་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ལྟེ་གནས་ཀྱི་འགན་འཁུར་བ་ཧྲི་ཡུང་ཧུང་གིས“ལོ་ལྟར་དཔྱིད་དུས་སུ་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་དུས་བྱ་གནས་སྤོ་རིང་འབྲེལ་ཡོད་འཕུར་སྲུང་བྱེད་སྒོ་སྒྲིག་འཛུགས་བྱེད་ཀྱི་ཡོད”ཅེས་བརྗོད།
    ཟླ་བ་གཅིག་ལྷག་ཙམ་གོང་། ཁྲུང་ཁྲུང་སྐེ་ནག་དང་། ཁྲུང་ཁྲུང་མགོ་ཁྲ། ངང་པ་སེར་པོ། ངང་པ་དམར་པོ། ངང་པ། ཁྲུང་ཁྲུང་སྐྱ་བོ་སོགས་རི་སྐྱེས་འདབ་ཆགས་དུས་གཅིག་ཏུ་འབའ་ལུང་ཤང་ཐེ་སི་ཀའེ་ས་ཁུལ་དུ་འཛོམས་པ་དང་། དེ་དག་གནས་སྤོ་བདེ་བླག་ཐུབ་ཆེད། ཟླ་3ཚེས་22ཉིན། དུར་ལམ་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་མཚོ་སྔོན་གྱི་རྒྱལ་ཁབ་སྤྱི་གླིང་གི་འདབ་ཆགས་ལྟ་སྐོར་མཐུན་ཚོགས་དང་མཉམ་དུ་འབའ་ཐང་ཤང་དུ་རི་སྐྱེས་སྲོག་ཆགས“འཕུར་སྲུང་བྱ་སྤྱོད”སྤེལ་བ་རེད། བྱེད་སྒོར་ཞུགས་མཁན་ནགས་སྲུང་བ་79ཡིས་རླངས་འཁོར་སྐོར་ཞིབ་དང་རྐང་ཐང་སྐོར་ཞིབ་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ་མ་ལམ་དང་ཡན་ལག་ལམ་རྒྱུད་ཁག་ཏུ་སྐོར་ཞིབ་བྱས་པ་དང་འབྲེལ་ནགས་ཁྲོད་དུ་བསྐྱོད་ནས་ཁྲིམས་འགལ་ལྐོག་རྔོན་རྒྱག་པའི་བྱེད་སྤྱོད་ལ་རྡུང་རྡེག་བཏང་ཡོད། དེ་དང་ཆབས་ཅིག་ཁོང་ཚོས་རྨས་སྐྱོན་ཕོག་པ་དང་འཕུར་རྩལ་ཞན་པའི་གནས་སྤོས་དུས་བྱ་དང་དེ་བཞིན་རི་སྐྱེས་སྲོག་ཆགས་དུས་ཐོག་ཏུ་བསྐྱབས་ནས་དུས་བྱའི་གནས་སྤོའི་བགྲོད་ལམ་ཡག་པོ་བསྲུངས་ཡོད་པ་རེད།
     འདི་ལོ། རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་འདབ་ཆགས་རིགས་ཁྲུང་ཁྲུང་སྐྱ་བོའི་གྲངས་འབོར་ལྷག་པར་མང་པོ་ཡོད་པ་དང་ཁྱུ་ཚོགས་ཁྲི་ལྷག་ཙམ་གཅིག་ཏུ་འདུས་པའི་རྣམ་པ་ཧ་ཅང་བརྗིད་ཉམས་ལྡན་པ་ཞིག་ཡོད་ཅིང་། ཧྲི་ཡུང་ཧུང་གིས“ཐའེ་སི་ཀའེ་ས་ཁུལ་གྱི་ན་ཁ་དང་། འདམ་ར། གྲམ་ཁ་བཅས་སྐར་ཚོགས་ལྟར་ཁྱབ་ནས་རྩི་ཤིང་རིགས་ཕུན་སུམ་ཚོགས་པོ་ཡོད་པས་རི་སྐྱེས་ཁྲུང་ཁྲུང་སྐྱ་བོ་གནས་སྤོའི་འཚོ་གནས་བྱ་ཡུལ་གལ་ཆེན་ཞིག་ཏུ་གྱུར་ཡོད”ཅེས་བརྗོད། ལོ་རེའི་ཟླ་3པའི་ཟླ་དཀྱིལ་ནས་ཟླ་4པའི་ཟླ་དཀྱིལ་བར་ཁྲུང་ཁྲུང་སྐྱ་བོ་ལྷོ་ཕྱོགས་དགུན་སྒྲོལ་བྱ་ཡུལ་ནས་དེ་གར་འཕུར་འོངས་ནས་ཟས་འཚོལ་བ་དང་ངལ་གསོ་ཞིང་། ལུས་ཤེད་རྒྱས་པ་དང་གནམ་གཤིས་དྲོ་རུ་སོང་རྗེས་མུ་མཐུད་བྱང་ཕྱོགས་སུ་འཕུར་ནས་རྒྱུད་སྤེལ་འཚོ་གནས་བྱེད་ཀྱི་ཡོད་པ་རེད།
    “འཕུར་སྲུང་བྱ་སྤྱོད”སྤེལ་སྐབས་འདབ་ཆགས་རིགས་འཚོ་གནས་ལྟེ་བའི་ཁུལ་དུ་ཁྲིམས་འགལ་ངང་འཛུལ་མཁན་བཀག་འགོག་དང་མི་མེད་གནམ་གྲུ་སྒྲིག་འགལ་འཕུར་སྐྱོད་བྱེད་པ་སོགས་མིའི་བྱ་སྤྱོད་འགོག་དགོས་པ་མ་ཟད། ད་དུང་བྱ་བྲུན་དང་བྱ་སྒྲོ་བསྡུ་རུབ་དང་བྱ་རིགས་ཀྱི་ནད་ཡམས་འགོག་བཅོས་དང་ལྟ་ཞིབ་སོགས་ཀྱི་ལས་དོན་ཡང་སྤེལ་དགོས་ཤིང་། ལོ་མང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། མིག་སྔར་ཁྲུང་ཁྲུང་སྐྱ་བོའི་ཁྱུ་ཚོགས་ཀྱི་གྲངས་འབོར་ཆེས་ཆེར་འཕར་ནས་འཚོ་གནས་ཁོར་ཡུག་དེ་བས་ལེགས་སུ་ཕྱིན་ཡོད་པ་རེད།
     ཉེ་ལམ་ལོ་ཤས་རིང་དུར་ལམ་རྫོང་གིས་དྲིལ་བསྒྲགས་ཁྲིད་སྟོན་དང་། སྐོར་སྲུང་ལྟ་ཞིབ། སྲུང་སྐྱོང་འགན་ལེན་སོགས་ལ་མུ་མཐུད་ཤུགས་བརྒྱབ་པ་དང་ཆབས་ཅིག་སྐད་འཕྲིན་སྤྱི་རྟགས་དང་གྲོང་ཚོ་རིམ་པའི་རྒྱང་བསྒྲགས་སོགས་ཀྱི་གཞི་རྟེན་སྤྱད་དེ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་དུས་བྱ་གནས་སྤོའི་ཤེས་བྱ་དང་དེ་བཞིན་འབྲེལ་ཡོད་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་བཅའ་ཁྲིམས་ཁྲིམས་སྲོལ་གསལ་འགྲེལ་དང་། ཁྲིམས་འགལ་ཁུངས་སྣེ་ཐེར་འདོན་ཐབས་ལམ་ཤར་བགྲོད། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་དང་དུས་བྱ་འཕུར་སྲུང་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་པ་བརྒྱུད་མང་ཚོགས་ཀྱིས་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ལ་དོ་ཁུར་དང་དེའི་ནང་ཞུགས་པའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་ཆེ་རུ་མངོན་གསལ་དོད་པོ་ཕྱིན་ནས་འདི་ཁུལ་དུ་དགུན་སྒྲོལ་ལ་ཡོང་མཁན་དུས་བྱའི་གྲངས་འབོར་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད་པ་རེད།

  • ལེ་ཚན་སྔོན་མ།:2023ལོའི་པེ་ཅིང་ལྕགས་རི་རིང་པོའི་རོལ་དབྱངས་མཚན་ཚོགས་ཐེངས་4འགོ་འཚུག་གྲབས་ཡོད་པ།
  • ལེ་ཚན་རྗེས་མ།:ཟླ་དང་པོ་ནས་བཞི་པའི་བར་འགྲིམ་འགྲུལ་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་ཁྲི་1བཏང་བ།
  • དོ་སྣང་ཆེ་བའི་རྩོམ།