ཞི་ཅིན་ཕིང་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལས་དོན་སྐོར་ལ་བསྟན་དོན།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2023-06-01

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ་5ཚེས་30ཉིན་གྱི་ཕྱི་དྲོ་སྐབས་ཉི་ཤུ་པའི་ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་བ་རེད། ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་སྐབས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་འཕྲད་པའི་རྙོག་འཛིང་ཆེ་ཞིང་ཛ་དྲག་ཆེ་བའི་དུས་བབ་ལ་ངོས་འཛིན་གཏིང་ཟབ་བྱེད་པ། རྒྱལ་ཁབ་ཀྱི་བདེ་འཇགས་གནད་དོན་གལ་ཆེན་ཁོང་དུ་ཡང་དག་ཆུད་པར་བྱེད་པ། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་མགྱོགས་པོ་གཏོང་བ་བཅས་བྱས་ཏེ། བདེ་འཇགས་ཀྱི་གནས་སྟངས་གསར་པར་བརྟེན་ནས་འཕེལ་རྒྱས་ཀྱི་གནས་སྟངས་གསར་པར་འགན་སྲུང་བྱེད་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལས་ཀའི་གནས་བབ་གསར་པ་ཧུར་ཐག་གཏོད་དགོས་ཞེས་ནན་སྟོན་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ལི་ཆང་དང་། ཀྲའོ་ལེ་ཅི། ཚའེ་ཆི་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

ཚོགས་འདུའི་ཐོག ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་མཐའ་འཁྱོངས་དང་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་བ་དང་། རྒྱལ་ཁབ་བདེ་འཇགས་ཀྱི་འགོ་ཁྲིད་སྒྲིག་གཞི་དང་། ཁྲིམས་སྐྱོང་མ་ལག འཐབ་ཇུས་མ་ལག སྲིད་ཇུས་མ་ལག་བཅས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་མཐུན་སྦྱོར་ལམ་སྲོལ་ནུས་ལྡན་ངང་འཁོར་སྐྱོད་དང་ས་གནས་ཏང་ཨུད་རྒྱལ་ཁབ་བདེ་འཇགས་མ་ལག་རྒྱལ་ཡོངས་སུ་གཞི་རྩའི་ཆ་ནས་ཁེབས་པ་བཅས་བྱས་པས། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་མཐའ་གཅིག་ཏུ་སྲུང་སྐྱོང་ཐུབ་ཡོད་པ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་ཐེབས་ཡོད་ཅེས་བསྟན་ཡོད།

ཚོགས་འདུའི་ཐོག མིག་སྔར་ང་ཚོར་འཕྲད་པའི་རྒྱལ་ཁབ་ཀྱི་བདེ་འཇགས་གནད་དོན་གྱི་རྙོག་འཛིང་ཆེ་ཚད་དང་དཀའ་ཚེགས་ཆེ་ཚད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། རྒྱལ་ཁབ་བདེ་འཇགས་འཐབ་ཕྱོགས་ཀྱིས་འཐབ་ཇུས་ཀྱི་གདེང་ཚོད་ཡོད་པ་བྱེད་པ་དང་རྒྱལ་ཁ་ཐོབ་ངེས་ཀྱི་ཡིད་ཆེས་བརྟན་པོ་བཙུགས་ནས་རང་ངོས་ཀྱི་བཟང་ཆ་དང་མཐུན་རྐྱེན་གང་ལེགས་མཐོང་ཐུབ་པ་བྱེད་དགོས། མ་མཐའི་མཚམས་ཐིག་གི་བསམ་བློ་དང་མཐར་སོན་པའི་བསམ་བློ་མཐའ་འཁྱོངས་བྱས་ནས། རླུང་རླབས་ཆེན་པོ་དང་ཐ་ན་རྦ་རླབས་འཇིགས་སུ་རུང་བ་ལྟ་བུའི་ཚོད་བགམ་ཆེན་པོ་ཐེག་ཐུབ་པ་བྱ་རྒྱུའི་གྲ་སྒྲིག་བྱེད་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་ཇེ་མགྱོགས་གཏོང་བ་དང་། དངོས་འཐབ་དངོས་སྤྱོད་ཀྱི་སྟོན་ཕྱོགས་མངོན་གསལ་དོད་དུ་གཏོང་བ། མཐུན་སྦྱོར་དང་ཕན་འབྲས་ཆེ་བ་དང་། ཁྲིམས་སྐྱོང་གི་བསམ་གཞིགས། ཚན་རྩལ་གྱིས་ཕན་ནུས་སྦྱིན་པ། གཞི་རིམ་གྱི་རྨང་གཞི་བཅས་ལ་དེ་བས་སྣང་ཆེན་བྱེད་པ། ཕྱོགས་ཁག་གི་འཛུགས་སྐྲུན་སྦྲེལ་མཐུད་ནུས་ལྡན་དང་མཉམ་འགུལ་འདུས་གྲུབ་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད།

ཚོགས་འདུའི་ཐོག བདེ་འཇགས་ཀྱི་གནས་སྟངས་གསར་པར་བརྟེན་ནས་འཕེལ་རྒྱས་ཀྱི་གནས་སྟངས་གསར་པ་འགན་ལེན་བྱེད་པ་དང་། རང་འགུལ་ངང་རང་ལ་ཕན་པའི་ཕྱི་རོལ་གྱི་བདེ་འཇགས་ཁོར་ཡུག་གཏོད་པ། སྒོ་དབྱེའི་བདེ་འཇགས་ལ་སྲུང་སྐྱོང་དེ་བས་ཡག་པོ་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་དང་བཞེངས་སྐྲུན་བྱེད་པའི་བྱ་ཐབས་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས། རིགས་པའི་གཞུང་ལུགས་ཀྱི་ཁྲིད་སྟོན་གསར་གཏོད་དང་། སྟོབས་ཤུགས་བཀོད་སྒྲིག་འཐུས་ཚང་། ཚན་རྩལ་ནུས་སྦྱིན་ལ་སྐུལ་འདེད་བཅས་གཏོང་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་ཉེན་ཁར་ཁ་གཏད་གཅོག་པའི་ཕྱོགས་བསྡུས་མ་ལག་འཐུས་ཚང་དུ་བཏང་ཐོག དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་དང་དུས་ཐོག་ཏུ་ཉེན་ཟོན་སྔོན་བརྡ་བཏང་ནས་མཉམ་སྡེབ་ཁུ་ཚུར་ཡག་པོ་རྒྱག་དགོས་ཞེས་བསྟན་ཡོད།

ཚོགས་འདུའི་ཐོག རྒྱལ་ཁབ་ཀྱི་བདེ་འཇགས་ལས་དོན་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཐོག ཆབ་སྲིད་ཀྱི་བདེ་འཇགས་སྲུང་སྐྱོང་དང་། དྲ་རྒྱའི་གྲངས་གཞིའི་མིས་བཟོས་རིག་ནུས་ཀྱི་བདེ་འཇགས་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ། རྒྱལ་ཁབ་ཀྱི་བདེ་འཇགས་ཉེན་ཁའི་ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་སྔོན་བརྡའི་མ་ལག་མགྱོགས་མྱུར་འཛུགས་པ། རྒྱལ་ཁབ་ཀྱི་བདེ་འཇགས་ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་བདེ་འཇགས་སློབ་གསོར་ཤུགས་སྣོན་རྒྱག་པ་སོགས་ཐད་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས་པའི་ནན་སྟོན་བྱས་ཡོད།

ཚོགས་འདུའི་ཐོག《རྒྱལ་ཁབ་ཀྱི་བདེ་འཇགས་ཉེན་ཁའི་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡའི་མ་ལག་མགྱོགས་མྱུར་བསྐྲུན་རྒྱུའི་སྐོར་གྱི་བསམ་འཆར》དང《རྒྱལ་ཁབ་ཀྱི་བདེ་འཇགས་སློབ་གསོར་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》སོགས་ཡིག་ཆར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དང་ཨུ་ཡོན་ཚོགས་འདུར་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་གནང་བ་རེད།

  • ལེ་ཚན་སྔོན་མ།:ཟླ་དང་པོ་ནས་བཞི་པའི་བར་འགྲིམ་འགྲུལ་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར་ཁྲི་1བཏང་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།