ལྷག་བསམ་ཟོལ་མེད་ཀྱིས་རོགས་འཛུགས་ལས་དོན་སྤེལ།། ལང་ཚོའི་མཚར་སྡུག་དེ་མཐོ་སྒང་ཡུལ་ལ་བཀྲ།།

རྟ་མགྲིན་རྡོ་རྗེས་བྲིས།        2023-06-02

སི་ཁྲོན་ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱི་ན་གཞོན་བུད་མེད་འབུམ་རམས་པ་དབྱང་ཞའོ་ལིའི་གནས་ཚུལ་རགས་བཀོད།

ལྷག་བསམ་ཟོལ་མེད་ཀྱིས་རོགས་འཛུགས་ལས་དོན་སྤེལ།། ལང་ཚོའི་མཚར་སྡུག་དེ་མཐོ་སྒང་ཡུལ་ལ་བཀྲ།།
དབྱང་ཞའོ་ལི(དཀྱིལ)ཡིས་བྱིས་པ་ཚོར་གཅེས་སེམས་དངོས་རྫས་སྤྲོད་བཞིན་པའི་ཚུལ།

ཁྲེང་ཏུའུ་ནི་ཀླུང་ཐང་ཡིན་ལ་ས་བབ་མཐོ་ཚད་སྨི500ཙམ་ལས་མེད་ཅིང་དཀར་མཛེས་ཁུལ་གྱི་ཕྱག་ཕྲེང་ནི་མཐོ་སྒང་དུ་ཆགས་ཤིང་ས་བབ་མཐོ་ཚད་ཡང་སྨི3000ལ་ཟིན་པ་རེད། ལན་རེར། རྒྱང་རིང་གི་བར་ཐག་འདི་རི་དང་གཙང་བོས་བཅད་པས་ཕ་ཡུལ་དྲན་པའི་འདུན་པ་ནི་རེ་ཞིག་སེམས་ལ་ཉར་དགོས་བྱུང་སོང་། ཡང་ལན་རེར། བར་ཐག་ཤིན་ཏུ་ཉེ་བར་སྣང་ཞིང་དྲན་གདུང་གི་སྒོ་མོ་ཕྱེས་པ་ཙམ་གྱིས་འགྱུར་མེད་ཀྱི་བརྩེ་བ་ཚོར་ཐུབ།

2021ལོའི་ཟླ8པར་སི་ཁྲོན་ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱི་བཀོད་སྒྲིག་ལྟར་ན་གཞོན་བུད་མེད་འབུམ་རམས་པ་དབྱང་ཞའོ་ལི་སི་ཁྲོན་ནུབ་རྒྱུད་མཐོ་སྒང་གི་ཕྱག་ཕྲེང་རྫོང་དུ་འགན་བཏགས་བྱེད་པར་ཡོང་བ་རེད། གནས་འདི་ནས་མོས་མགྱོགས་མྱུར་ངང་ས་གནས་དེ་གའི་མི་དང་འབྲེལ་འདྲིས་ཟབ་མོ་བྱུང་ནས་ཟོལ་མེད་ཀྱི་ལྷག་བསམ་ལ་བརྟེན་ནས་མཐོ་སྒང་གི་ལང་ཚོའི་གླུ་དབྱངས་བརྩམས་པ་རེད།

རི་དང་གཙང་བོ་བརྒལ་བའི་ལང་ཚོའི་འགྲུལ་སྐྱོད།

དབྱང་ཞའོ་ལི་ཡིས་ང་རང་ཕྱག་ཕྲེང་རྫོང་དུ་འབྱོར་མ་ཐག་ས་ཆུ་མི་འཕྲོད་པ་དང་གསོ་རླུང་མི་འདང་བ། དགོང་མོར་གཉིད་མི་ཁུག་པ་དང་སྐད་ཆ་ལྡབ་ལྡིབ་ལས་ཤོད་མི་ཐུབ་པ། གོམ་སྟབས་ཅུང་མགྱོགས་པོར་སོང་ཚེ་དབུགས་ཀྱི་རྒྱུ་བ་འགག་པ་སོགས་ལ་དུག་གི་ཚོར་སྣང་ཟབ་མོ་བྱུང་ཞེས་བཤད།

སྤྱིར་དབྱང་ཞའོ་ལི་འགལ་རྐྱེན་སྣ་ཚོགས་དང་འཕྲད་མོད། མོ་གཞི་རིམ་དུད་ཚང་དུ་བསྐྱོད་སྐབས་ས་གནས་དེ་གའི་མང་ཚོགས་ཀྱི་བརྩེ་སེམས་ནི་དགུང་སྔོན་གྱི་ཉི་མ་བཞིན་མོའི་ནང་སེམས་ཀྱི་མུན་ནག་ཡོད་ཚད་མཐའ་ལ་སྤྱུགས། ཕྱག་ཕྲེང་རྫོང་དུ་འགན་བཏགས་བྱས་ནས་ཡུན་རིང་མ་སོང་བའི་ཐེངས་ཤིག་ཡུལ་ཤོག་ཏུ་རོགས་སྐྱོར་བྱེད་པར་སོང་བ་རེད། དབྱང་ཞའོ་ལི་ས་གནས་དེ་གའི་མང་ཚོགས་ཀྱི་ཁྱིམ་དུ་སླེབས་སྐབས་ངོ་མི་ཤེས་པའི་མང་ཚོགས་ཚོས་མོ་ལ་སྤྲོ་བ་ཆེན་པོས་མགྲོན་བསུ་བྱས་པས་དབྱང་ཞའོ་ལི་ཡིས་སེམས་ཤུགས་བཏོན་པ་ཡོད་ཚད་རིན་ཐང་ལྡན་པའི་མྱོང་ཚོར་ཟབ་མོ་སྐྱེས།

ཕྱག་ཕྲེང་རྫོང་གི་མངའ་ཁོངས་རྒྱ་ཁྱོན་ཆེན་པོ་མེད་ཀྱང་རི་ཚོགས་ཀྱི་བར་དུ་གནས་ཡོད་པ་དང་། ཁྱིམ་ཚང་ལ་ལ་མི་རབས་ཁ་ཤས་རིང་རི་ཁུལ་ནས་འཚོ་སྡོད་བྱས་རྐྱེན་ཕྱི་རོལ་གྱི་སྤྱི་ཚོགས་ལ་རྒྱུས་མངའ་མེད་ཅིང་ཤེས་རིག་ཡོན་ཚད་དབེན་པའི་གནས་ཚུལ་སྔར་བཞིན་འདུག།

རང་ཉིད་ཀྱི་ཡོན་ཚད་མཐོ་བར་མ་ཟད་ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱིས་འགན་བཏགས་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས་དབྱང་ཞའོ་ལི་ཡིས་གྲོང་སྡེའི་ནང་གི་ཚན་རྩལ་སྒྲོག་འགྲེལ་པའི་འོས་འགན་ཕྲག་ཏུ་བཞེས། ཚན་རྩལ་སྒྲོག་འགྲེལ་དེ་གྲོང་སྡེ་དང་ཁྱིམ་ཚང་ཚང་མར་ཁྱབ་པ་བྱ་དགོས་ཚེ་སྒྲོག་འགྲེལ་གྱི་ནང་དོན་ས་གནས་དེ་གའི་གནས་ཚུལ་དང་མཐུན་པ་དང་མི་སེར་གྱི་རྒྱུན་གཏན་འཚོ་བ་དང་འབྲེལ་འདྲིས་ཟབ་མོ་ཡོད་པར་བྱ་རྒྱུ་ནི་མོས་བསམ་གཞིག་བྱ་དགོས་པའི་འགག་རྩའི་གནད་དོན་ཞིག་རེད།

ཇི་ལྟར་བྱས་ནས་མི་སེར་གྱི་རྒྱུན་གཏན་འཚོ་བའི་ནང་ཞུགས་ནས་མི་སེར་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་དགོས་པ་སོགས་ཀྱི་དྲི་བ་དག་དབྱང་ཞའོ་ལི་ཡིས་ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱི་དེ་སྔའི་འགན་བཏགས་ལས་བྱེད་པར་ཁ་པར་བརྒྱབ་ནས་ཁོང་ཚོར་ཕྱག་ཕྲེང་རྫོང་གི་ཡུལ་སྲོལ་གོམས་གཤིས་དང་ཐོན་ལས་འཕེལ་རྒྱས། འབྲེལ་གཏུག་སྤེལ་རེས་ཀྱི་རྩལ་ནུས་སོགས་བཀའ་འདྲི་ཞུས་པ་རེད།

ལས་རོགས་ཚོའི་ངང་རྒྱུད་རིང་པོའི་མཛུབ་ཁྲིད་དང་རང་ཉིད་ཀྱི་འབད་བརྩོན། ད་དུང་ཟླ་བ་ཁ་ཤས་རིང་འཚོལ་ཞིབ་བྱས་པར་བརྒྱུད་སྐོར་བྲོ་འཁྲབ་པ་དང་ཇ་བསྲུབས་མ་འཐུང་བ། ས་གནས་དེ་གའི་རི་ཆུ་དང་རྨང་གཞིའི་འཛུགས་སྐྲུན། ཐོན་ལས་འཕེལ་རྒྱས་སོགས་ཀྱི་སྐོར་ལ་དབྱང་ཞའོ་ལི་ཡིས་རྒྱུས་ལོན་ཡག་པོ་བྱུང་སྟེ་མོ་ས་གནས་དེ་གའི་མི་རྣལ་མ་ཞིག་ཏུ་གྱུར་པར་མ་ཟད། སླད་ཕྱིན་དུ་ཚན་རྩལ་དྲིལ་བསྒྲགས་ལེགས་པོ་བྱ་རྒྱུར་རྨང་གཞི་བརྟན་པོ་བཏིང་བ་རེད།

ལྷག་བསམ་ཟོལ་མེད་ཀྱིས་རོགས་འཛུགས་ལས་དོན་སྤེལ།། ལང་ཚོའི་མཚར་སྡུག་དེ་མཐོ་སྒང་ཡུལ་ལ་བཀྲ།།
དབྱང་ཞའོ་ལིས་བྱིས་པ་ཚོ་དང་མཉམ་དུ་ཐག་མཆོང་བྱེད་བཞིན་པའི་ཚུལ།

རོགས་སྐྱོར་གྱི་སེམས་འབྲེལ་ཟམ་པ་བཙུགས།

2021ལོའི་ཟླ་བ12པའི་ཚེས3ཉིན། ཞལ་འདེབས་འབུལ་བའི་བྱེད་སྒོ་ཞིག་རག་ཝ་ཡུལ་ཤོག་ལྟེ་བའི་སློབ་ཆུང་ནས་སྤེལ་བ་རེད། ཚན་རིག་ཁྱབ་གདལ་གྱི་ཐོན་ཁུངས་ཁུག་མ་དང་ལག་གྲུག། རྐང་གྲུག། འཕེན་འཕང་སྤོ་ལོ་སོགས་ལ་ས་གནས་དེ་གའི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་རེད། དེ་ནི་དབྱང་ཞའོ་ལི་ཡིས་མངགས་གཏོང་ཚན་པར་བརྩོན་ལེན་ཤུགས་ཆེན་བྱས་པའི་བསྡུས་རིས་ཙམ་ཞིག་རེད།

དབྱང་ཞའོ་ལི་དང་ལས་རོགས་ཚོའི་ཐུན་མོང་གི་འབད་བརྩོན་འོག་ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱིས་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་ཧུར་ཐག་བྱས་ཏེ་ཕྱག་ཕྲེང་རྫོང་དུ་རི་ཁུལ་བྱིས་པའི་རྩལ་སྦྱོང་དང་གྲང་ཁུལ་སློབ་མའི་སློབ་ཆེན་ཕུགས་འདུན། ཚན་རྩལ་ལེ་དབར་ཁྲི་ལ་བསྐྱོད་པ་སོགས་ལས་གཞི་དང་བྱེད་སྒོ་རབ་དང་རིམ་པ་གཅིག་རྗེས་གཉིས་མཐུད་ངང་སྤེལ་ནས་ཕྱག་ཕྲེང་གི་ཚན་རྩལ་རིག་གནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ནུས་ལྡན་བཏང་།

གྲོང་སྡེ་དང་དུད་ཚང་དུ་བསྐྱོད་དེ་བརྟག་ཞིབ་བྱེད་སྐབས་དབྱང་ཞའོ་ལི་ཡིས་སྟེར་དབང་ཞིག་གིས་ས་གནས་དེ་གའི་ཞིང་དུད་ཚང་མས་རང་ཁྱིམ་གྱི་སྒོ་རའི་ནང་ཀུ་ཤུའི་སྡོང་པོ་བཏབ་ཡོད་པ་མཐོང་། ཀུ་ཤུའི་གྲངས་ཀ་མང་ཞིང་བྲོ་བ་ཞིམ་མོད། འོན་ཀྱང་འབྲས་བུ་ཧ་ཅང་ཆུང་། ཞིང་དུད་ཀྱིས་བཙུགས་པའི་ཀུ་ཤུ་མང་ཆེ་བ་ནི་རང་ཉིད་ཀྱི་བཟའ་བྱ་ཡིན་ཞིང་། ལྷག་མ་རྣམས་སྒོ་ཕྱུགས་ལ་སྟེར་གྱི་ཡོད། དེ་ནི་ཞིང་ལས་རིག་པ་སྦྱོང་མཁན་དབྱང་ཞའོ་ལི་ལ་མཚོན་ན་ཧ་ཅང་ཡིད་ཕངས་པའི་གནས་ཚུལ་ཞིག་རེད།

དུས་ཐོག་ཏུ་མེ་ཏོག་དང་འབྲས་བུར་དོ་སྣང་དང་ཡལ་གར་ཡལ་བཞུར་མ་བརྒྱབ་པ། ད་དུང་འགག་རྩའི་སྐྱེ་འཚར་སྐབས་ཆུ་ལུད་དོ་དམ་དང་དོ་དམ་ལག་རྩལ་གཞན་དག་དཀོན་པས་འདེབས་འཛུགས་ཀྱི་ཆ་རྐྱེན་ལེགས་ཀྱང་ཕྱག་ཕྲེང་གི་ཀུ་ཤུའི་འདེབས་འཛུགས་ཆུ་ཚད་སྔར་བཞིན་དམའ་པོ་ཡིན།དེར་བརྟེན་དབྱང་ཞའོ་ལིས་རང་འགུལ་ངང་ཞི་ཧྭ་སློབ་ཆེན་གྱི་འབྲས་ཤིང་འདེབས་འཛུགས་རིགས་གཅིག་མཁས་ཅན་དང་འབྲེལ་བ་བྱས་པར་མ་ཟད། སི་ཁྲོན་ཞིང་ཆེན་ཕྱག་ཕྲེང་གི་མཐོ་སྒང་ཤིང་འབྲས་ཚན་རྩལ་ཁང་ཆུང་ངུའི་ལས་གཞི་མཚམས་སྦྱོར་ལེགས་འགྲུབ་བྱུང་།

མཐོ་སྒང་གི་རོགས་སྐྲུན་ གླུ་དབྱངས་བརྩམས།

ལས་གཞི་དེ་དོན་འཁྱོལ་བྱུང་རྗེས་ཞི་ཧྭ་སློབ་ཆེན་གྱི་དགེ་རྒན་དང་སློབ་མ་ལས་གཞིའི་འཆར་འགོད་ལྟར་ནང་དུ་ཞུགས་ནས་ཚན་རྩལ་སློབ་གླིང་གི་རིགས་གཅིག་མཁས་ཅན་གྱི་ཐོན་ཁུངས་དང་ལག་རྩལ་དྲ་བར་བརྟེན་ནས་འཕྲལ་མར་ཞིང་ལས་ཐོན་སྐྱེད་ཀྱི་གནད་དོན་ཤེས་རྟོགས་དང་དུས་ཐོག་ཏུ་ཐག་བཅད་པར་མ་ཟད། ད་དུང་ཞིང་འབྲོག་མང་ཚོགས་ལ་ལག་རྩལ་གསོ་སྦྱོང་ཡང་བྱས་པ་རེད།

ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱིས་འདེམས་གཏོང་བྱས་པའི་འགན་བཏགས་ལས་བྱེད་པ་དབྱང་ཞའོ་ལི་ཡིས་རང་ཉིད་ཀྱི་ཀྲུང་གོ་ཞིང་ལས་སློབ་ཆེན་ནས་སྦྱངས་པའི་ཆེད་ལས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་གྲོང་ཚོར་ཚན་རྩལ་ཤེས་བྱ་སྒྲོག་འགྲེལ་བྱས་པ་ཕུད། ད་དུང་རྫོང་ཚན་རྩལ་མཐུན་ཚོགས་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ་ལག་རྩལ་སྤེལ་རེས་དང་ཚན་རྩལ་གྱི་བསྡུར་འབྱེད་བྱེད་སྒོ། ཚན་རྩལ་ལས་དོན་པའི་ཁྱིམ་འཛུགས་པ་སོགས་ཀྱི་བསམ་འཆར་དང་གྲོས་འགོ་བཏོན་པ་དང་འབྲེལ་དྲྭ་ཐོག་ནས་ཚན་རྩལ་ཤེས་བྱ་ཁྱབ་གདལ་བཏང་བ་རེད།

ན་ནིང་ལོ་འགོར་རིམས་ནད་འགོག་ཟོན་ནུས་ལྡན་བྱེད་པའི་རྨང་གཞིའི་ཐོག་དཔྱིད་རྨོད་ཐོན་སྐྱེད་གོ་རིམ་ལྡན་པའི་ངང་སྤེལ་ཆེད། དབྱང་ཞའོ་ལི་ཡིས་རྫོང་ཚན་རྩལ་མཐུན་ཚོགས་དང་མཐུན་སྦྱོར་ཧུར་ཐག་བྱས་ནས་ཚན་རྩལ་རིགས་གཅིག་མཁས་ཅན་བསྡུས་ཏེ་རིམས་ནད་འགོག་ཟོན་དང་དཔྱིད་རྨོད་ཐོན་སྐྱེད་ཀྱི་འབྲེལ་ཡོད་ཤེས་བྱ་གྲོང་མིས་གོ་སླ་བའི་ཡུལ་སྐད་ལ་བསྒྱུར་ནས་སྲིད་འཛིན་གྲོང་སྡེ་ཁག་ལ་བསྒྲགས་ནས་གྲོང་སྡེའི་རིམས་ནད་འགོག་ཟོན་དྲིལ་བསྒྲགས་དང་དཔྱིད་རྨོད་ཐོན་སྐྱེད་ཆ་འཕྲིན་ཞབས་འདེགས་བརྒྱུད་རིན་ལྡན་པའི་སྒོ་ནས་སྤེལ་བ་རེད།

དབྱང་ཞའོ་ལི་ཡིས་སེམས་བརྩེ་ཚང་མ་ཕྱག་ཕྲེང་ལ་ཕུལ་ཡང་ཁྱིམ་མིར་ཞེ་འགྱོད་གཏིང་ནས་སྐྱེས། ཕྱག་ཕྲེང་ལ་རོགས་སྐྱོར་འགྲོ་རྩིས་ཡོད་པ་ཤེས་འཕྲལ་ལོ་ན་བགྲེས་བའི་ཕ་མ་དང་ཁྱོ་ག། དེ་བཞིན་ལོ་གཅིག་ལོན་པའི་ཕྲུ་གུ་བཅས་ལ་བལྟས་ནས་འབྲལ་མི་འདོད་པའི་མིག་ཆུ་རང་དབང་མེད་པར་བཞུར། 2022ལོའི་ཟླ་བ8པ་དང2022ལོའི་ཟླ་བ10པར་བུ་ཕྲུག་དང་ཕ་རྒན་གཉིས་ལ་ནད་ཆེན་པོ་ཕོག་རྐྱེན་སྔ་རྗེས་སུ་སྨན་ཁང་དུ་བསྡད་དེ་གཤག་བཅོས་བྱས་པ་རེད། ཁྱིམ་མིར་དགོས་མཁོ་ཆེ་ཤོས་ཀྱི་དུས་སུ་ཁོ་ཚོའི་དྲུང་དུ་མེད་པས་དབྱང་ཞའོ་ལི་ཡིས་རང་ཉིད་ཀྱིས་ཨ་མ་དང་བུ་མོ་ཞིག་གི་འཁུར་དགོས་ངེས་ཀྱི་འགན་འཁྲི་ཁུར་མེད་སྙམ་ཡང་ཅི་བྱ་གཏོལ་བྲལ་དུ་གྱུར་པས་མིག་ཆུ་འདོན་པ་ལས་ཟད། མ་གཞིར་ལས་དོན་ལ་བྲེལ་བ་ཆེ་བའི་ཁྱོ་གས་དགོངས་པ་ཞུས་ཏེ་ཁྱིམ་དུ་ནད་གཡོག་དང་ལྟ་རྟོག་བྱས་ཤིང་། མོས་ཡུལ་སྡེ་དར་རྒྱས་གཏོང་བའི་འཐབ་ཕྱོགས་དང་པོར་ལས་གནས་བརྟན་སྲུང་བྱེད་པར་སེམས་ཁྲལ་མེད་པར་བྱས།

དབྱང་ཞའོ་ལི་ཡིས་ལོ་གཉིས་རིང་རོགས་སྐྲུན་བྱས་པའི་དུས་ཚོད་བྲེལ་འཚུབ་ཁྲོད་ནས་འདའ་བ་དང་དེའི་ཁྲོད་དུ་དཀའ་ཚེགས་དང་སྡུག་བསྔལ་ཡོད་ལ་མིག་ཆུ་དང་སེམས་འགུལ་ཡང་ཡོད་པར་མ་ཟད་བློས་འབུལ་དང་གྲུབ་འབྲས་ཡང་ཡོད། ངས་དམངས་ལ་ཞབས་འདེགས་ཞུ་བ་དང་འགན་འཁྲི་འཁུར་ཕོད་པའི་བློ་སྟོབས་ལ་སྦྱོང་བརྡར་ཐེབས་ནས་རང་ཉིད་ཀྱི་ཐོག་མའི་བསམ་འདུན་དང་ལས་འགན་སྔར་བས་བརྟན་དུ་ཕྱིན། བརྒྱུད་རིམ་འདི་ནི་ངའི་མི་ཚེའི་ཁྲོད་ཀྱི་ཆེས་ཕུན་སུམ་ཚོགས་ཤོས་དང་བརྗེད་པར་དཀའ་བའི་མྱོང་བ་ཞིག་ཏུ་འགྱུར་ངེས་རེད་ཅེས་བཤད་དོ།། 



  • ལེ་ཚན་སྔོན་མ།:བྱིས་དུས་ཀྱི་གཟུགས་འགྱུར།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།