རྟ་སྒྲོག་མ་ཆད་པའི་ཡར་སྔོན་ལ།

མགར་ཐང་དཀར།        2023-05-24

གཡག་རོག་རྔ་གཟེངས་སྟོབས་ཀྱིས་འགྱོགས་པའི་དུས་བཟང་དེར།།

མིག་གི་གསང་རྒྱ་གློད་ཀྱང་མི་སྐྱོན་ཞི་བའི་ཞིང་།།

ཕོ་ཤའི་བཅུ་ལག་ས་རུ་དྲུད་པའི་ཁུ་སིམ་གྱིས།།

རྒྱལ་ཁམས་ཤིག་གི་ཡ་ཕུགས་བདེ་བའི་སྔར་ལྟས་བསྟན།།

རྨི་ལམ་དབུས་སུ་ཤང་ཤང་ཆུ་བོའི་དབྱངས་འགྲོས་དང་།།

སྣང་བའི་ཞིང་དུ་སིང་སིང་གླུ་ཡི་འགུག་ལུགས་སོགས།།

བདེ་ལྡན་རང་བྱུང་རྫོགས་མེད་སྐྱེད་མོས་ཚལ་དག་ཏུ།།

ཅི་དགར་རོལ་བའི་ཚོར་བའི་དབྱིངས་སུ་མེ་ཏོག་སྐྱེས།།

མེ་ཏོག་འབྲས་བཟང་མ་རྙིད་སྐྱེ་བ་དུ་མར་སོང་།།

སྐྱེ་བ་དུ་མའི་ལེགས་ཚོགས་སྤྲིན་པའི་གདོང་ལ་གཏོར།།

སྤྲིན་པའི་རྒྱབ་ཏུ་མི་རྟག་ཡིག་ཚོགས་མ་བྲིས་ལ།།

ནམ་མཁར་དད་པའི་ཤེལ་གྱིས་ཕྱག་ཕྲེང་མཐོ་རུ་བཏེགས།།

ལས་ཀྱིས་འཕངས་པའི་སྒྲོ་ལྡན་མདའ་མོ་དྲང་ངེར་འཕུར།།

ནོར་སོགས་གཏེ་བོར་ས་འཕྲུག་མ་སྐྱེས་ཞི་བས་བསྐྱངས།།

ལྟག་ཆོད་ཚིག་གིས་གཤོག་པ་མ་ཐོགས་བདེན་པ་གྲུབ།།

བྱིས་པ་གཅང་པོས་ས་ཆེན་ཨ་མའི་པང་གཅལ་དུ།།

བདེན་པའི་འོ་ཞོ་རྔམས་འཐུང་བྱས་ཏེ་ནར་སོན་མྱོང་།།

ལྕེ་དང་རྐན་ལས་ཞིམ་པའི་སྒྲ་ནི་ཅི་དགར་བྱུང་།།

རུལ་དུག་མེད་པའི་ཟས་གཙང་སོགས་ཀྱང་བྲོ་བ་རྒྱས།།

རྒྱ་མཚོའི་འཇིངས་སུ་བྱུ་རུའི་སྡོང་པོའི་མཉེན་ལྕུག་འགྲན།།

གསེར་མིག་ཉ་མོས་ནོར་བུའི་ཚོགས་ལ་བྲང་གཞུང་གླན།།

ཆུ་གཉེར་བག་ཕེབས་ཉི་མར་ལྡེ་བའི་ངང་ཚུལ་གྱིས།།

འདས་པའི་ལོ་ཟླར་ཕྱིར་དྲན་དངུལ་གྱི་མེ་ལོང་བསྐྲུན།།

དེ་དུས་ད་དུང་ཤ་དང་རུས་པ་དེ་ལྟ་སྟེ།།

ཁྲག་གི་བཞུར་རྒྱུན་དེད་ཀྱང་མགོ་ཁུངས་གཅིག་ཡིན་སྐད།།

རྟ་ཡི་སྒྲོག་ལ་རྩིད་དྲི་འཐུལ་བའི་ལོ་ཟླ་དེ།།

གླེང་ཡང་ཕྱིར་དྲན་ཤོག་རྐྱའི་ངོས་ཀྱི་ཞབས་རྗེས་ཡིན།།

མང་པོ་མི་གླེང་སྙན་ངག་ཚིག་གི་ཕུང་པོ་ཡིན།།

ང་ནི་སྨྱུ་གུའི་གར་ལ་རོལ་བའི་གར་མཁན་ཏེ།།

ཚིག་གི་རལ་གྲིར་རྣོ་དབལ་ཅུང་ཙམ་རྒྱས་ཡོད་པས།།

བྲེལ་ཟིང་འཁོར་བའི་ཚལ་དུ་སྐྱེས་པའི་རྐང་གཉིས་ཚོགས།།

བྱད་སྟེམས་གདོན་གྱི་རང་ལུགས་མ་འཛིན་དགྱེས་པས་སྐྱོངས།།



  • ལེ་ཚན་སྔོན་མ།:སྐྱེ་བ་གཅིག་གི་འུ་གཉིས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།