ཕུ་བོར་ཕུལ་བའི་སྙིང་གཏམ་ཀ་རྩོམ་མ།

ལུ་ལུམ་སྨན་ལྷ།        2023-05-19

ཀ་བུམ་ཡོད་མེད་ཆོས་ཅན་བཞག་སྟེ་ཀི༵་རིང་མོད་པའི་རྩོད་གྲྭ་ན།།

ཁ་དོག་དཀར་དམར་བསྒྲུབ་བྱར་བྱས་ནས་ཁུ༵་བྱུག་མགྲིན་པའི་གྲེ་འགྱུར་གྱི།།

ག་ས་གང་དུ་རྩོད་པའི་ཡོ་ལང་གེ༵་སར་དཔའ་ལྟར་གཟེངས་མཐོ་བའི།།

ང་ཡི་སྙིང་གི་ཕུ་བོ་དམ་པ་ངོ༵་ཤེས་ལས་སྐལ་བཟང་ཞེས་བསྟོད།།

ཅ་ཅོ་མོད་པའི་སྡེ་གྲོང་དག་ཏུ་ཅི༵་བྱུང་སྣང་བ་བྱུང་རྒྱལ་གྱིས།།

ཆ་ལུགས་བདག་མེད་ཡན་པོར་བཏང་སྟེ་ཆུ༵་ཕོར་ཆང་དམ་མ་བསྐྱོར་ཏེ།།

ཇ་ཡུན་ཙམ་ཀྱང་གཡེང་ལ་མ་བསྐུར་ཇེ༵་ལེགས་འཕེལ་རྒྱས་བརྩོན་པས་བསྣུན།།

ཉ་ཉོག་གཏམ་གྱི་འཇིག་རྟེན་མ་བསླུས་ཉོ༵བ་བེ་མ་བཞུགས་འགྲིགས་སོང་ཞུ།།

ཏ་ལར་བྲིས་པའི་གསང་ཆོས་དགོངས་དོན་ཏི༵་ཚ་ཅི་བཞིན་མཁྲེགས་ན་ཡང་།།

ཐ་སྙད་ཚིག་དང་དོན་དམ་གནད་ཀྱི་ཐུ༵བ་དབང་གསུང་རབ་མ་འདྲེས་བཀླགས།།

ད་བར་རྒྱལ་བསྟན་ཉི་འོད་ཉམས་ཚེ་དེ༵་འདྲའི་རྣམ་དཔྱོད་ཤིན་ཏུ་དཀའ།།

ན་གཞོན་རེ་བའི་མཐོ་སར་འགྲེངས་ཁྱེད་ནོ༵ར་བུ་གྱུར་པས་ཡག་ཅེས་བསྔགས།།

པ་ཏྲ་ཇི་བཞིན་ཉོག་གྲ་རྫོབ་པའི་པི༵ར་ཐོགས་ན་གཞོན་བདོ་ན་ཡང་།།

ཕ་མེས་བརྒྱུད་པའི་རིག་གཞུང་ནང་སྙིང་ཕུ༵་ཐག་ཆོད་པའི་གཞོན་པ་དཀོན།།

བ་གམ་ལྟ་བུའི་རང་གཞུང་རྒྱ་ཕིབས་བེ༵་རིའི་རྣམ་དཔྱོད་རྩེ་མོ་རུ།།

མ་ཚང་བཀྲ་བའི་རིག་པའི་བུ་ཁྱེད་མོ༵་ཕྱྭའི་གཡང་དུ་གྱུར་ཅེས་བསྙད།།

ཙ་རི་གནས་ལྟར་ངེས་མེད་རྒྱལ་ཁམས་ཙི༵་གུའི་ཚུལ་བཞིན་དལ་མེད་འགྲིམས།།

ཚ་གྲང་དཀའ་བའི་གཏམ་རྒྱུད་ཐ་དག་ཚུ༵་ལུར་བྱས་ཏེ་ཁོག་ཏུ་མུད།།

ཛ་ཡའི་བཀའ་ལུང་གསེར་ཀྱི་ཡིག་འབྲུ་ཛེ༵་ཏེའི་ཚལ་བཞིན་ཉམས་དགའ་བར།།

ཝ་ལེར་རིག་པས་བརྟག་གྲངས་མང་བས་ཝོ་༵བརྒྱལ་བྱུང་ཞེས་ངག་ཏུ་ཐོལ།།

ཞྭ་ལྟར་སྤྱི་གཙུག་རྒྱན་དུ་འཁོད་ཀྱི་ཞི༵་ལུ་རྐྱལ་སྟོང་རེ་འགའི་ཚུལ།།

ཟ་མ་འགྲེངས་ཙམ་ཕོ་བར་ཐོན་རྗེས་གཟུ༵་ལུམ་སྨྲ་ལ་མི་འཁྲེལ་བར།།

འ་ཅག་མེས་པོས་མཛད་རྗེས་ནོག་སྐད་འུ༵ད་གཏམ་རི་ལུང་མ་སྤེལ་ནས།།

ཡ་རབས་མི་ཆོས་སྲོག་ཏུ་བལྟ་བའི་ཡོ༵་བྱད་ལྡན་པས་འགྲིགས་སོང་ཞུ།།

རྭ་ཅོའི་ལྟ་བུའི་རྣོ་དབལ་རེ་རེའི་རི༵་རབ་ལྟ་བུའི་མྱི་སེམས་ཀྱང་།།

ལ་མོར་འབུག་པའི་ངང་ཚུལ་འདི་ཀོ་ལུ༵་གུ་རྒྱུད་དུ་འབབ་ངེས་པས།།

ཤ་ཁྲག་གནང་བའི་ཕ་མ་སྤུན་གཙོས་ཤེ༵ལ་དཀར་ལྟ་བུའི་བསམ་བཟང་ཚོའི།།

ས་ལུང་བཀང་བའི་རེ་བ་མ་བརླགས་བསོ༵ད་ནམས་རྒྱས་པའི་རྟགས་རེད་ཞུ།།

ཧ་ལམ་ཐལ་བའི་མཐའ་ལ་ལྷུང་བའི་ཧོ༵བ་བཤད་བགྱིས་པ་ཅང་མེད་ལ།།

ཨ་མཚར་ཚིག་གིས་ཀུ་རེ་མ་བརྩེས་ཨེ༵་མ་ཅུང་ཟད་སླད་མེད་འདི།།

ཨ་ཅག་ཁྲེལ་བའི་རྒྱུར་ཡང་བླ་སྟེ་ཨུ༵་ཚུགས་ངག་གིས་མི་སྡོམ་པས།།

ཧ་ཅང་སེམས་སུ་ཁྱེད་ཉིད་འཕྲོད་ཚུལ་ཧི༵་མ་ལ་ནས་བྲིས་པ་དགེ།

  • ལེ་ཚན་སྔོན་མ།:ནགས་སུ་འཁྱིལ་བའི་འཕྲུལ།
  • ལེ་ཚན་རྗེས་མ།:གྲིབ་མ།