2023-05-17
སྙིང་དབུས་པད་འདབ་འཁོར་ལོའི་ཡང་སྟེང་དུ་བཞུགས་ཤིང་།།
བྱམས་བརྩེ་འོད་ཀྱི་གུར་ཁང་འཇའ་ཚོན་ལྟར་བཀྲ་བའི།།
དྲི་མེད་ཤེལ་གྱི་ལྷུན་པོའི་རང་གཟུགས་ཤིག་ངོམས་པས།།
ཁྱོད་ནི་མཐོང་ན་དགའ་བའི་ངོ་མཚར་དེར་དགའ་ཨང་།།
དོན་མེད་འཁོར་བའི་ཀློང་དུ་ཡོང་བ་ཞིག་མིན་ཏེ།།
ཁྱོད་ཀྱིས་ངལ་བས་བསགས་པའི་འབྲས་བུ་ཞིག་ཡིན་སྐད།།
ལྷད་མེད་བརྩེ་བའི་བདག་མོ་ཁྱོད་རང་ལ་བསམས་ན།།
དད་གསུམ་ངག་གི་མདུད་བརྒྱ་ཇེ་ཟབ་ཏུ་གཏོང་ངེས།།
སྤྲིན་དཀར་བླ་བྲེ་འཁྱིལ་བའི་གུར་ཁྱིམ་གྱི་དབུས་སུ།།
འཛུམ་པའི་འོད་ཟེར་ངོམས་པའི་མཛེས་སྡུག་གི་བདག་མོ།།
མི་ཡུལ་འཁོར་བའི་ཐང་སྟོང་རྒྱ་ཁྱོན་དེས་ངོས་སུ།།
ཁྱོད་རང་མཚུངས་མེད་ཅན་གྱི་ལྷ་མོ་ཞིག་ཡིན་སྙམ།།
གཡུ་སྦྲང་མེ་ཏོག་ལྡེམ་པའི་སྤང་ཐང་དུ་བཞད་པའི།།
དད་གསུམ་ངག་གི་རྒྱལ་མོ་མཐོང་སྣང་གི་ངོས་སུ།།
ཡུམ་གཅིག་རྗེ་བཙུན་སྒྲོལ་མ་ཁྱོད་ཉིད་ཀྱི་ཞལ་རས།།
སྲིད་གསུམ་གསེར་གྱི་དུད་ཅིང་ཁུག་པ་ཞིག་མ་ཡིན།།
བྱམས་བརྩེ་ལྷ་ཡི་བུ་མོ་ཁྱོད་ཉིད་ཀྱི་དྲིན་ལན།།
རླབས་ཆེན་འཁྲི་ཤིང་གཡོ་བའི་རྩེ་མོ་རུ་མ་འཕྲོད།།
ཤི་ཡང་བར་དོ་ཉུལ་བའི་ངེས་མེད་དུ་འཁྱམ་དུས།།
ཁྱོད་རང་བདེ་ལྡན་ཞིང་གི་མཛའ་མོ་དེ་ཡིན་འདུག།
ལྷག་བསམ་གསེར་གྱི་མེ་ཏོག་མཁའ་དབྱིངས་སུ་བཞད་དུས།།
སྒྱུ་འཕྲུལ་སྐར་མའི་ཕྲ་ཚོམ་བརྒྱ་ཕྲག་གིས་འཁོར་ཡོང་།།
འཇོ་སྒེག་ངེས་མེད་གཡོ་བའི་སྤྲིན་དཀར་གྱི་དབུས་ནས།།
ཕལ་བའི་ཞེ་སེམས་ཕྲ་མོ་གཏིང་མཐའ་རུ་ཕེབས་ན།།
ལྷང་ལྷང་རྫི་གླུ་སྙན་མོའི་མགུར་མ་ལ་དྲངས་དུས།།
དྲི་བཞོན་གྲོགས་སུ་འཁོར་བའི་ནོར་ལུག་དེ་དྲན་ཡོང་།།
ནང་སེམས་ལྷོད་ལ་བབས་ཏེ་བྱམས་བརྩེ་དེ་དྲན་དུས།།
སུས་ཀྱང་མཚོན་ནུས་མེད་པའི་ལྷ་མོ་ཁྱོད་ལོབ་འདུག།
ཁྱོད་ཀྱི་ལྷག་བསམ་གསེར་གྱི་མེ་ལོང་དེ་མིན་པས།།
རྒྱུས་མེད་ཡུལ་གྲུ་འགྲིམ་པའི་བྱ་གཞག་དེ་མི་འགྲུབ།།
སྒྱུ་སྐར་ཕ་ལམ་སྒྲིག་པའི་སྐར་ཚོགས་དེ་མཐོང་དུས།།
ཁྱོད་རང་དྲན་པའི་འཕྱང་ཐག་ངེས་མེད་དུ་བཞུར་ཡོང་།།
ག་བུར་མེ་ཏོག་ཟེགས་མ་འཁོར་འཁོར་དུ་བཞུགས་ན།།
གློ་བུར་སེམས་ཀྱི་གསང་བ་ཁྱོད་རང་ལ་བཤད་ཡོང་།།
མ་ངེས་འཁོར་བའི་གྲོང་མཐའ་སྐྱ་མོ་དེ་འཚོ་དུས།།
ཁྱོད་རང་དགུང་ནས་འཆར་བའི་ཉི་ཟླ་དེའི་དོ་ཡ།།
གཞིས་བྱེས་ལྷན་འཛོམས་བྱེད་པ་ངོ་མཚར་ཞིག་ཆེའོ།།
ཁྱོད་རང་གཙོས་པའི་འཛམ་གླིང་མ་ཡུམ་དེ་ཚང་མར།།
ལུས་བདེ་ཐུགས་སྐྱིད་གནང་བའི་རེ་སྨོན་དེས་ཚབ་ཏུ།།
ངག་རིག་པད་མའི་ཡལ་ག་འདི་ཉིད་དེ་ཕུལ་ཡོད།།
གངས་དཀར་ལྷུན་པོའི་དབུ་ཞལ་རི་རྩེ་རུ་བཞད་དུས།།
ཁྱོད་ཉིད་འཁྱག་རོམ་དར་གྱིས་རབ་ཁ་དེ་བརྒྱུད་དེ།།
ཕྲན་བུ་བདག་གི་སླད་དུ་ཡོད་ཚད་དེ་འདོར་བཞིན།།
ཆུ་ཕྲན་འོ་མའི་རླབས་དེར་གྲུ་ནང་དུ་ཞུགས་སོང་།།
འཛུམ་དཀར་མེ་ཏོག་པད་མའི་ཡལ་ག་ལྟར་མཛེས་ཤིང་།།
ཞལ་རས་མུ་ཏིག་ཆགས་པའི་གཟི་འོད་ལྟར་ངོམས་པའི།།
མ་ཡུམ་ལྷ་མོ་ཁྱོད་ཀྱིས་བདེ་ཆེན་གྱི་ཞིང་ལ།།
ཕལ་བ་བདག་ཀྱང་ཁྲིད་པའི་སྐལ་བཟང་དེ་བསྒུག་ཡོད།།
རྩོམ་པ་པོ། ཁམས་ཟླ་སྲས།
རྩོམ་སྒྲིག་པ། མགར་རྒྱལ་སྲས།
རྩོམ་གསར། 10