ཁ་བསླུས་རྒྱག་སྟངས་འདིར་དོགས་ཟོན་གནང་དགོས།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2023-05-16

སྤྱི་ཟླ་5ཚེས་9ཉིན་གྱི་ཕྱི་དྲོ། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་ལྷ་སའི་བརྒྱ་ཟོག་ཐོག་ཁང་གི་དམངས་ཕན་ཉེན་རྟོག་ལས་དོན་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་སྐད་ཤུགས་ཆེན་པོས། ང་མི་དམངས་ཉེན་རྟོག་པ་ཡིན། ང་ལ་ཡིད་ཆེས་གནང་དང་། འདི་མགོ་སྐོར་གཏོང་སྟངས་ཤིག་རེད། ལམ་སེང་བཀོལ་སྤྱོད་གནང་མཚམས་འཇོག་དང་ཞེས་བཤད་དེ་གློག་འཕྲིན་དྲ་རྒྱའི་ཁ་བསླུས་རྒྱག་པའི་གྱོད་གཞི་ཞིག་ལེགས་གྲུབ་ལྡན་པའི་ངང་བཀག་འགོག་བྱས་ནས་མང་ཚོགས་ཤིག་ལ་སྒོར་137990ཡི་དཔལ་འབྱོར་གྱོང་གུན་མི་ཕོག་པ་བྱས་ཡོད།  

དེ་ཡང་། སྤྱི་ཟླ་5ཚེས་9ཉིན་གྱི་ཕྱི་དྲོ་ལྷ་སའི་བརྒྱ་ཟོག་ཐོག་ཁང་གི་དམངས་ཕན་ཉེན་རྟོག་ལས་དོན་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་ལས་དོན་སྤེལ་སྐབས་ཤེས་རྟོགས་བྱུང་བར། ཡུལ་སྐོར་བ་ཀྲང་ལགས་ལ་མཁའ་འགྲུལ་ཀུང་སི་ག་གེ་མོ་ཡིན་ཁུལ་བྱེད་མཁན་ཞིག་གི་ཁ་པར་འབྱོར་ནས་གནམ་གཤིས་ཀྱིས་རྐྱེན་པས་ཀྲང་ལགས་ཀྱིས་སྤ་སེ་ཉོས་ཟིན་པའི་དུས་གཏན་གནམ་གྲུ་ནར་འགྱངས་བྱས་ཡོད་ལུགས་བཤད་པ་དང་ད་ལྟ་མཉེན་ཆས་སྟེགས་བུ་ZOOM ཕབ་ལེན་བྱེད་དགོས་ལུགས་བཤད་པ་མ་ཟད། ད་དུང་ཀྲང་ལགས་ཀྱིས་མཉེན་ཆས་དེ་བརྒྱུད་ཕར་ཕྱོགས་ལ་དངུལ་བྱང་ཨང་གྲངས་དང་གསང་གྲངས་མཁོ་འདོན་བྱེད་དགོས་པའི་རེ་བ་བཏོན་ཞིང་། དེ་རྗེས“ཀུང་སི”དེས་གནམ་གྲུའི་སྤ་སེ་ཉོས་པའི་རིན་པ་ཀྲང་ལགས་ཀྱི་དངུལ་བྱང་ནང་ཕྱིར་ལོག་བྱེད་ཀྱི་ཡིན་ཞེས་བཤད་ཡོད།

གནས་ཚུལ་རྒྱུས་ལོན་བྱས་རྗེས། མི་དམངས་ཉེན་རྟོག་པས་འཕྲལ་མར་ཀྲང་ལགས་ལ་བཀོལ་སྤྱོད་བྱེད་མཚམས་འཇོག་ཏུ་བཅུག་ཡོད། འོན་ཀྱང་སྐབས་དེར་ཀྲང་ལགས་ཀྱིས་སེམས་ཁྲལ་ཆེན་པོ་བྱེད་བཞིན། གལ་ཏེ་ཕ་རོལ་པོའི་རེ་བ་ལྟར་མ་སྒྲུབ་ན་རང་ཉིད་ལ་གྱོང་གུན་ཆེན་པོ་བཟོ་ངེས་ཡིན་ཞེས་བཤད། དེ་རྗེས། མི་དམངས་ཉེན་རྟོག་པས་ངང་རྒྱུད་རིང་པོས་ཀྲང་ལགས་ལ་གནམ་གྲུའི་སྤ་སེ་ཕྱིར་སློག་གམ་དུས་ཚོད་བརྗེ་བ་སོགས་སུ་ཁ་གཡར་བའི་ཁ་བསླུས་རྒྱག་ལུགས་ཐད་འགྲེལ་བཤད་བརྒྱབ་པ་མ་ཟད། ཉེན་རྟོག་པའི་རླངས་འཁོར་བཏང་ནས་ཀྲང་ལགས་ཁྲིད་དེ་དམངས་སྤྱོད་མཁའ་འགྲུལ་ཅུས་ལ་འབྲེལ་ཡོད་གནས་ཚུལ་ཤེས་རྟོགས་བྱས་པར་ཕྱིན་ཡོད།

ཁ་བསླུས་རྒྱག་སྟངས་འདིར་དོགས་ཟོན་གནང་དགོས།

དམངས་སྤྱོད་མཁའ་འགྲུལ་ཅུས་ནས་ཀྲང་ལགས་ཀྱིས་སྤ་སེ་ཉོས་པའི་དུས་གཏན་གནམ་གྲུའི་དུས་ཚོད་ནར་འགྱངས་བྱས་མེད་པ་དང་དེ་ནི་ཁ་བསླུས་རྒྱག་པའི་ཁ་པར་ཞིག་ཡིན་པ་ར་སྤྲོད་བྱས་ཡོད། སྐབས་དེར། ཀྲང་ལགས་ཀྱིས་གཞི་ནས་དེ་ནི་ཁ་བསླུས་རྒྱག་ཐབས་ཤིག་ཡིན་པ་ཤེས་ཏེ། མི་དམངས་ཉེན་རྟོག་པའི་ལག་པར་དམ་པོར་འཇུས་ཤིང་། མི་དམངས་ཉེན་རྟོག་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་ཚོས་བཀག་འགོག་མ་བྱས་ཚེ། ངས་དངུལ་བྱང་གི་ཨང་གྲངས་དང་གསང་གྲངས་ཚང་མ་མགོ་སྐོར་གཏོང་མཁན་ལ་སྤྲོད་རྒྱུ་རེད། དེ་ལྟར་བྱས་ན་ངའི་དངུལ་བྱང་ནང་གི་སྒོར་137990ཚང་མ་ཁ་བསླུས་རྒྱག་མཁན་གྱི་ལག་ཏུ་ལྷུང་ངེས་ཡིན་པས། ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད་ཡོད།

       མི་དམངས་ཉེན་རྟོག་པས་དྲན་སྐུལ་བྱ་རྒྱུར། 

       ཁྲིམས་འགལ་བས་མཁའ་འགྲུལ་ཀུང་སིའི་སྐུ་མགྲོན་ཞབས་ཞུ་བ་ཡིན་ཁུལ་བྱས་ནས་འགྲུལ་པ་འགྲོ་རྩིས་བྱེད་སྐབས་སམ་ཕྱིར་ལོག་མ་བྱས་གོང་འགྲུལ་པར་འཕྲིན་ཐུང་བསྐུར་བ་དང་ཁ་པར་རྒྱག་གི་ཡོད་ཅིང་། ནང་དོན་ཕལ་ཆེ་བ་ནི་གནམ་གཤིས་སམ་ཡང་ན་སྐྱོན་ཤོར་བ་སོགས་ཀྱིས་རྐྱེན་པས་དུས་གཏན་གནམ་གྲུ་འཕུར་མི་ཐུབ་པའམ་དུས་ཚོད་ནར་འགྱངས་བྱེད་དགོས་ཚུལ་བཤད་པ་དང་། ད་དུང་གནམ་གྲུའི་སྤ་སེ་ཕྱིར་སློག་བྱ་རྒྱུ་སོགས་རྒྱུ་མཚན་དུ་བྱས་ནས་འགྲུལ་པར་མཉེན་ཆས་ཕབ་ལེན་བྱེད་དུ་བཅུག་ནས་འགྲུལ་པའི་དངུལ་བྱང་གི་ཨང་གྲངས་དང་གསང་གྲངས་རག་ཐུབ་བྱས་ཏེ་དངུལ་བྱང་ནང་གི་དངུལ་སྒོར་ཚང་མ་ཁ་བསླུས་རྒྱག་གི་ཡོད། ཁ་བསླུས་རྒྱག་སྟངས་དེ་རིགས་ཐད། ང་ཚོས་གཤམ་གསལ་ལྟར་བྱེད་དགོས་ཏེ།

       གཅིག ཆ་འཕྲིན་གྱི་བདེན་རྫུན་ར་སྤྲོད་བྱ་དགོས། དེ་ཡང་། མཁའ་འགྲུལ་ཀུང་སིའི་གཞུང་ཕྱོགས་ཁ་པར་བརྒྱབ་སྟེ་གནས་ཚུལ་འདྲི་དགོས་པ་ལས་འཕྲིན་ཐུང་ནང་འཁོད་པའི་ཁ་པར་ཨང་གྲངས་ལ་འབྲེལ་བ་བྱེད་མི་རུང་། 

       གཉིས། གཞུང་ཕྱོགས་ཀྱི་ཐབས་ལམ་བརྒྱུད་གནམ་གྲུའི་སྤ་སེ་མངགས་ཉོ་བྱེད་དགོས། ཐབས་ལམ་གཞན་དག་བརྒྱུད་དེ་སྤ་སེ་མངགས་ཉོ་བྱས་ཚེ། མི་སྒེར་གྱི་ཆ་འཕྲིན་ཕྱིར་གྱར་ཉེན་ཡོད།

       གསུམ། ཁ་པར་ནང་དངུལ་བརྒྱུད་བསྐུར་བྱེད་དགོས་ལུགས་བཤད་རིགས་ལ་ཁ་ཡ་བྱ་མི་རུང་།

  • ལེ་ཚན་སྔོན་མ།:སྡེ་རོང་གི་རྒུན་ཆང་ལ་རྒྱལ་སྤྱིའི་བྱ་དགའ་ཐོབ་འདུག
  • ལེ་ཚན་རྗེས་མ།:ཀྲུང་གོའི་བཟོ་སྐྲུན་ལས་རིགས་ཀྱི་གཞི་ཁྱོན་ལོ་13བསྟུད་མར་འཛམ་གླིང་གི་ཨང་དང་པོར་གནས་པ།
  • དོ་སྣང་ཆེ་བའི་རྩོམ།