ཁོང་ཚོ་ནི་ཇོ་མོ་གླང་མའི་འདབས་སུ་རྩ་བ་ཚུགས་ཤིང་མྱུ་གུ་འབུས།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2023-05-11

 ཇོ་མོ་གླང་མའི་མཐའ་མཚམས་མངགས་གཏོང་ཁང་ནི་ཇོ་མོ་གླང་མའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ལྟེ་བའི་ཁུལ་གྱི་ཁྲིམས་འཛིན་ཚན་པ་ཉག་གཅིག་དེ་རེད།

     ལོ་ལྟར་ཇོ་མོ་གླང་མའི་མཐའ་མཚམས་མངགས་གཏོང་ཁང་གི་གནས་སྤོས་ཡུལ་མིའི་དོ་དམ་ཉེན་རྟོག་པས་སྐོར་ཞིབ་ཐེངས་120ལྷག་ཙམ་བྱེད་དགོས་པ་དང་། ཐེངས་རེར་སྤྱི་ལེ་40ཙམ་སྐྱོད་དགོས་ཀྱི་ཡོད། 2008ལོའི་ཟླ་10པའི་ཚེས་1ཉིན་མངགས་གཏོང་ཁང་བཙུགས་པ་ནས་བཟུང་། ཉིན་རེ་བཞིན་གནས་སྤོས་ཡུལ་མིའི་དོ་དམ་ཉེན་རྟོག་པས་ཉི་མ་དང་ཐག་ཉེ་ཤོས་ཀྱི་ས་ཆ་འདིར་བཅའ་སྡོད་བྱས་ཏེ། ལང་ཚོ་དང་སེམས་ཤུགས་ལ་བརྟེན་ནས་མེས་རྒྱལ་དང་མི་དམངས་ལ་བཅངས་པའི་བློ་དཀར་སེམས་དཀར་མཚོན་པར་བྱས་ཡོད།

 

ཁོང་ཚོ་ནི་ཇོ་མོ་གླང་མའི་འདབས་སུ་རྩ་བ་ཚུགས་ཤིང་མྱུ་གུ་འབུས།

 

     སྐོར་ཞིབ་བྱེད་པ་ནི་མངགས་གཏོང་ཁང་གི་ལས་ཀའི་ཆ་ཤས་ཤིག་ཡིན་པ་དང་། ཁོངས་གཏོགས་ཁུལ་གྱི་ཡུལ་སྐོར་བའི་རོགས་སྐྱོབ་རེ་ཞུ་གནས་ཚུལ་ཡང་རྟག་ཏུ་འཕྲད་ཀྱི་ཡོད།

     འདི་ལོའི་སྤྱི་ཟླ་4པའི་ཚེས་5ཉིན་གྱི་དགོང་མོ། མངགས་གཏོང་ཁང་གི་གནས་སྤོས་ཡུལ་མིའི་དོ་དམ་ཉེན་རྟོག་པས་ཇོ་མོ་གླང་མའི་སྒར་ས་ཆེ་མོའི་མཛེས་ལྗོངས་ཁུལ་དུ་འཆར་ཅན་གྱི་སྐོར་ཞིབ་གྲལ་བཤེར་ལས་དོན་སྤེལ་སྐབས། འཁོར་རྟགས་ཧྲན་ཏུང་ནས་ཡིན་པའི་གློག་སྒུལ་རླངས་འཁོར་ཞིག་ལམ་འགྲམ་དུ་ཁ་བཀག་པ་ཤེས་རྟོགས་བྱུང་། གློག་སྒུལ་རླངས་འཁོར་གྱི་གྲབས་སྤྱོད་འཁོར་ལོ་འཁྱེར་མེད་པས། གློག་སྒུལ་རླངས་འཁོར་ནང་གི་འགྲུལ་པ་ལྔ་པོས་གནས་དེ་རང་དུ་ཞིག་གསོ་ཁང་གི་རོགས་སྐྱོབ་སྒུག་ནས་སྡོད་དགོས་བྱུང་། ཡིན་ནའང་ས་བབ་མཐོ་ཚད་སྨི་5200ཟིན་པའི་ཇོ་མོ་གླང་མའི་སྒར་ས་ཆེ་མོར་ཡུལ་སྐོར་བ་5ལ་ས་བབ་མཐོ་ཞིང་གསོ་རླུང་མི་འདང་བའི་དབང་གིས་ལ་ཕུག་ཕོག་པའི་སྣང་ཚུལ་ཐོན་པ་དང་། ཁོང་ཚོའི་ཁྲོད་ལས་ཡུལ་སྐོར་བ་བུད་མེད་གཉིས་ཀྱི་ངོ་གདོང་ཐལ་མདོག་ཏུ་གྱུར་བ་དང་དབུགས་འབྱིན་རྔུབ་དཀའ་བའི་གནས་ཚུལ་ཐོན་པ་མ་ཟད། ཐ་ན་བློ་རིག་མི་གསལ་བའི་གནས་ཚུལ་ཡང་ཐོན་ཡོད།

 

ཁོང་ཚོ་ནི་ཇོ་མོ་གླང་མའི་འདབས་སུ་རྩ་བ་ཚུགས་ཤིང་མྱུ་གུ་འབུས།

 

     གནས་སྤོས་ཡུལ་མིའི་དོ་དམ་ཉེན་རྟོག་པ་བསོད་ནམས་བསྟན་དར་དང་ཁོང་དང་ལྷན་དུ་ཡོད་པའི་ལས་རོགས་ཚོས་འཕྲལ་མར་ཡུལ་སྐོར་བ་5པོ་ཇོ་མོ་གླང་མའི་སྒར་ས་ཆེ་མོའི་ཉེན་དོན་ཁང་དུ་ཁྲིད་ནས་རོགས་སྐྱོབ་བྱས་པ་དང་། ཁོང་ཚོར་གསོ་རླུང་རྔུབ་ཏུ་བཅུག་པ་དང་། ཆུ་ཚ་པོ་དང་ལ་དུག་འགོག་པའི་སྨན་སྟེར་ཡོད། མཐར་གནས་སྤོས་ཡུལ་མིའི་དོ་དམ་ཉེན་རྟོག་པའི་རོགས་རམ་འོག ཡུལ་སྐོར་བ་ལྔ་པོ་དེ་དག་བདེ་འཇགས་ངང་རླངས་འཁོར་བཏང་ནས་ཇོ་མོ་གླང་མའི་སྒར་ས་ཆེ་མོའི་མཛེས་ལྗོངས་ཁུལ་ནས་ཁ་བྲལ་ཐུབ་ཡོད།

     ཉིན་འགའི་རྗེས། མངགས་གཏོང་ཁང་ལ་དེ་སྔའི་ཡུལ་སྐོར་བ་5པོས་ཇོ་མོ་གླང་མའི་དྲོ་སྐྱིད། བརྩེ་བ་ཞི་ཞིང་འཇམ་ཞེས་བྲིས་པའི་གཟེངས་རྟགས་དར་ཆ་བསྐུར་ཡོད། བསོད་ནམས་བསྟན་དར་གྱིས། ཡུལ་སྐོར་བ་དང་མི་དམངས་མང་ཚོགས་ཀྱི་བསྔགས་བརྗོད་དང་ཁས་ལེན་ནི་ང་ཚོར་ཐོབ་པའི་གཟེངས་བསྟོད་དང་ལྕག་སྐུལ་ཆེ་ཤོས་དེ་ཡིན་ཞེས་གསུངས།

     བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཇོ་མོ་གླང་མའི་མཐའ་མཚམས་མངགས་གཏོང་ཁང་བཙུགས་པ་ནས་བཟུང་ཡུལ་སྐོར་བ་2000ལྷག་ཙམ་ལ་རོགས་སྐྱོབ་བྱས་པ་དང་། ཡུལ་སྐོར་བའི་བདེ་འཇགས་དང་ཇོ་མོ་གླང་མའི་མཛེས་ལྗོངས་ཁུལ་གྱི་སྒྲིག་ལམ་ལ་འགན་ལེན་ནུས་ལྡན་བྱེད་བཞིན་ཡོད་པ་རེད།

      ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་དཀའ་ངལ་དངོས་སེལ་རོགས་བྱ་ཆེད། མངགས་གཏོང་ཁང་གིས་ད་དུང་གཅེས་སེམས་ཁང་ཆུང་བསྐྲུན་པ་མ་ཟད། དྲ་སྦྲེལ་+སོགས་ཀྱི་བྱེད་སྟངས་སྤྱད་དེ་སྤྱི་ཚོགས་ལས་རིགས་ཁག་གི་གཅེས་སེམས་མི་སྣར་དྲ་ཐོག་དང་དྲ་འོག་གི་གཅེས་སེམས་ལས་སྟེགས་བཏོད་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། གཅེས་སེམས་ཁང་ཆུང་ལ་སྔ་རྗེས་སུ་རྒྱལ་ཡོངས་ས་གནས་ཁག་གི་གཅེས་སེམས་དངོས་རྫས་མྱུར་སྐྱེལ་ཐེངས་15འབྱོར་བ་དང་། གྱོན་གོས་དང་། འཚོ་བའི་མཁོ་ཆས། སློབ་སྦྱོང་ཡོ་བྱད་སོགས་དངོས་ཟོག་600ལྷག་ཙམ་འབྱོར་བ། སྤྱིའི་རིན་ཐང་སྒོར་ཁྲི་2.8ཟིན་ནས་མང་ཚོགས་མི་ཐེངས་34ལ་ཕན་པ་ཐོབ་ཡོད།

 

ཁོང་ཚོ་ནི་ཇོ་མོ་གླང་མའི་འདབས་སུ་རྩ་བ་ཚུགས་ཤིང་མྱུ་གུ་འབུས།

     ཉེ་བའི་ལོ་ཤས་རིང་། མངགས་གཏོང་ཁང་གིས་ད་དུང་ཇོ་མོ་གླང་མའི་མཛེས་ལྗོངས་ཁུལ་གྱི་ས་བབ་ལེགས་ཆ་དང་བཅའ་སྡོད་ཁུལ་གྱི་ཤང་ཏང་ཨུད་དང་སྲིད་གཞུང་གིས་སྒར་ས་ཆེ་མོའི་སྦྲ་གུར་མགྲོན་ཁང་སྒོ་མོ་འབྱེད་པའི་གོ་སྐབས་དང་ཟུང་འབྲེལ་བྱས་ཏེ། ས་གནས་དེ་གའི་གྲོང་མིར་ཁྱིམ་ཚང་མགྲོན་ཁང་དང་སྦྲ་གུར་མགྲོན་ཁང་གཉེར་རོགས་དང་། དེ་དང་ཆབས་ཅིག་ཁོང་ཚོས་ད་དུང་ཞབས་ཞུའི་ལས་དོན་འཐབ་ས་མདུན་མར་སྤེལ་ནས་ལས་སྒྲུབ་མང་ཚོགས་ལ་སྣེ་ལེན་ཞུ་བ་དང་། བདག་སྤྲོད་བྱེད་པ། ཚབ་ཁྲིད་ཚབ་འབྲི་བྱེད་པ་སོགས་ཀྱི་བྱེད་སྒོ་སྤེལ་ནས་རྒྱ་ཆེའི་ཡུལ་སྐོར་བ་དང་ས་གནས་དེ་གའི་མང་ཚོགས་ལ་ཞབས་འདེགས་ཧུར་ཐག་ཞུས་ཐོག ཉེན་རྟོག་པ་དང་མི་དམངས་བར་གྱི་ཉ་ཆུ་ལྟ་བུའི་བརྩེ་བ་རྒྱུན་ཆད་མེད་པར་བརྟན་དུ་བཏང་ཡོད།

    ཇོ་མོ་གླང་མའི་མཐའ་མཚམས་མངགས་གཏོང་ཁང་གི་གནས་སྤོས་ཡུལ་མིའི་དོ་དམ་ཉེན་རྟོག་པའི་ཆ་སྙོམས་ལོ་ཚད་ལོ་31ལས་ཟིན་གྱི་མེད་པ་དང་། ཁོང་ཚོ་ནི་ས་བོན་རྡོག་རེ་རེ་འདྲ་བར་ཇོ་མོ་གླང་མའི་འདབས་སུ་རྩ་བ་ཚུགས་ཏེ་མྱུ་གུ་འབུས་ཤིང་། བཀྲག་མདངས་འཚེར་བའི་ལང་ཚོ་དཔལ་འབར་བཞིན་མཆིས།

  • ལེ་ཚན་སྔོན་མ།:གནམ་གྲུའི་ནང་དུ་ཡང་ཁ་པར་5Gབཀོལ་ཐུབ་བམ།
  • ལེ་ཚན་རྗེས་མ།:ལྷ་གྲུ་དྲུག་པ་རྟགས་ཅན་གྱི་འཕེན་གཏོང་མ་བྱས་གོང་གི་མཉམ་ལས་ནང་སྦྱོང་གི་ལས་འགན་ལེགས་སྒྲུབ་བྱུང་བ་དང་། མ་ལག་ཁག་གྲ་སྒྲིག་ཨང་གསར་ཞུས་ཟིན་པ།
  • དོ་སྣང་ཆེ་བའི་རྩོམ།