2023-05-17
དཀར་མཛེས་ཁུལ་རུང་ཏ་ལི་ལས་རིགས་ཚད་ཡོད་སྤྱི་གཉེར་ཁང་གིས།
ལི་ལ་མི་རྣམས་ཀྱིས་གསེར་དཀར་པོ་ཞེས་འབོད་བཞིན་ཡོད། མང་ཆེ་བ་ནི་གློག་སྒུལ་རླངས་འཁོར་དང་ལག་ཁྱེར་ཁ་པར། གློག་ཀླད་སོགས་ཨང་ཀིའི་ཐོན་རྫས་ལ་སྒུལ་ནུས་སྤྲོད་པའི་ལི་གྱེས་རྡུལ་གློག་རྫས་སུ་བེད་སྤྱོད་གཏོང་གི་ཡོད། ནུས་རྒྱུ་གསར་པའི་རླངས་འཁོར་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་དུས་མཉམ་དུ་གློག་རྫས་ཀྱི་ལི་ཡི་དགོས་མཁོ་རྒྱུན་མི་ཆད་པར་ཆེ་རུ་སོང་བ་དང་ཆབས་ཅིག་ལི་ལ་ཡང་འགྱུར་ལྡོག་བྱུང་ནས་སྲོལ་རྒྱུན་གྱི་དུས་འཁོར་ལས་རིགས་ནས་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་ལས་རིགས་སུ་འགྱུར། དེ་ནི་རང་རྒྱལ་གྱི་འཐབ་ཇུས་ཐོན་ཁུངས་གལ་ཆེན་ཞིག་ཡིན་པར་མ་ཟད། དེས་ལི་གཏེར་ཁ་དང་ཐཱན་སྐྱུར་ལི་སོགས་སྤྱི་གཉེར་ཁང་གི་ལས་སྒོ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱས་པ་རེད།
རང་ཁུལ་དར་མདོ་དང་ཉག་ཆུ་ཁ། རྟའུ་བཅས་རྫོང(གྲོང་ཁྱེར)གསུམ་གྱི་འབྲེལ་མཚམས་སུ་མི་རྣམས་ཀྱིས་ཨེ་ཤེ་ཡའི་གཤའ་དཀར་གཏེར་ཁ་ཆེ་ཤོས་སུ་འབོད་པའི་དཀར་རྒྱན་ཁ་གཏེར་ཁུལ་ཡོད། དེའི་ནང་གཤའ་དཀར་ཐོན་ཁུངས་ཕུན་སུམ་ཚོགས་ཤོས་དང་སྤུས་ཀ་ལེགས་ཤོས། སྔོག་འདོན་ཆ་རྐྱེན་ལེགས་ཤོས་བཅས་ཡིན་པའི་ཨང་རྟགས134ཡི་སྔོག་འདོན་དབང་ཆ་དེ་དཀར་མཛེས་ཁུལ་རུང་ཏ་ལི་ལས་རིགས་ཚད་ཡོད་སྤྱི་གཉེར་ཁང་ལ་དབང་ཞིང་། སྤྱི་གཉེར་ཁང་དེས་སྤུས་ལེགས་ཀྱི་ལི་གཏེར་ཁའི་ཐོན་ཁུངས་ལེགས་ཆ་གཞིར་བཟུང་ནས་མ་རྐང་འཇོག་མཁན་གྱི་མ་དངུལ་ལེགས་ཆ་དང་ལག་རྩལ་གྱི་ལེགས་ཆ། དེ་བཞིན་ཐོན་ལས་འབྲེལ་ཐག་གི་ལེགས་ཆ་བཅས་འདོན་སྤེལ་གང་ལེགས་བྱས་ནས་དཀར་མཛེས་ཁུལ་གྱི་ལི་གློག་ནུས་རྒྱུ་གསར་བའི་ཐོན་ལས་འཛུགས་སྐྲུན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་པ་གང་ལེགས་བཏོན།
“གཏེར་ཁ་དང་ས་གནས་མཉམ་འདྲེས”ཀྱིས་འཕེལ་རྒྱས་དོན་དུ་གཉེར་ནས“ས་རྒྱུ་གཤིན་པོ”དང“གཏེར་ཁ་ཕྱུག་པོའི”ཕན་པ་ཟུང་ཐོབ་བྱས།
2019ལོའི་ཟླ6པའི་ཚེས10ཉིན། ལྷ་སྒང་གྲོང་རྡལ་དུ་འཕྲུལ་ཆས་ཆེ་གྲས་བཅུ་གྲངས་ཁ་ཤས་ཀྱི་སྐད་སྒྲ་དང་ཚོན་མདངས་རྣམ་པར་བཀྲ་བའི་དུ་སྨུག་ལང་ལོང་གི་ཁྲོད་ནས་རང་ཁུལ་དར་མདོ་གྲོང་ཁྱེར་གྱི་ནུས་རྒྱུ་གསར་པའི་ལས་གཞི་ཆེ་གྲས་རུང་ཏ་ལི་ལས་རིགས་དར་མདོའི་དཀར་རྒྱན་ཁ་གཤའ་དཀར་གཏེར་ཁ་ཐོན་སྐྱེད་བྱེད་འགོ་ཚུགས་པའི་མཛད་སྒོ་སྤེལ་བ་རེད། ལོ་ངོ་ལྔའི་རྗེས་སུ་དེ་སྔོན་རྒྱུ་རྐྱེན་གཞན་གྱིས་གནས་སྐབས་ཐོན་སྐྱེད་བྱེད་མཚམས་བཞག་པའི་འཛམ་གླིང་འདིའི་སྟེང་གི་གཤའ་དཀར་གཏེར་ཁ་ཆེ་ཤོས་ཏེ། དཀར་རྒྱན་ཁ་གཏེར་ཁུལ་དེ་ཕྱོགས་ཁག་སོ་སོས་ཞིབ་དཔྱད་གཏན་འཁེལ་བྱས་པ་བརྒྱུད་བསྐྱར་ཐོན་ཞིབ་བཤེར་རྩིས་ལེན་གྱི་ཚད་གཞིར་སླེབས་ནས་བསྐྱར་དུ་ཐོན་སྐྱེད་བྱེད་འགོ་ཚུགས་པ་རེད།
ས་གནས་དེ་གའི་མི་སེར་ལ་བདེ་སྐྱིད་སྐྲུན་པ་དང་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་རོགས་རམ་བྱ་ཆེད། དཀར་མཛེས་ཁུལ་རུང་ཏ་ལི་ལས་རིགས་ཚད་ཡོད་སྤྱི་གཉེར་དང་ཁུལ་མི་དམངས་སྲིད་གཞུང་བར《ལི་ཐོན་ཁུངས་གསར་སྤེལ་གྱི་ཁེ་ཕན་མཉམ་སྤྱོད་ལམ་སྲོལ་འཛུགས་རྒྱུའི་གྲོས་མཐུན་ཡི་གེར》མིང་རྟགས་བཀོད་པ་རེད། 《གྲོས་མཐུན་ཡི་གེའི》ནང2019ལོ་ནས2023ལོའི་བར་ཁུལ་སྲིད་གཞུང་གིས་སྲིད་ཇུས་ཀྱི་རོགས་སྐྱོར་དང་ཐོན་ལས་ལ་སྐུལ་འདེད། ཐོན་ཁུངས་འགན་ལེན་སོགས་ཐད་ནས་རུང་ཏ་ལི་ལས་རིགས་དང་དེ་བཞིན་འབྲེལ་ཡོད་ཐོན་ལས་སྦྲེལ་ཐག་ཁེ་ལས་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བཀོད་ཡོད་པ་རེད། ཆ་རྐྱེན་དང་སྲིད་ཇུས་ཀྱི་ཆོག་འཐུས་ཐོབ་པའི་གནས་ཚུལ་འོག། རུང་ཏ་ལི་ལས་རིགས་ཀྱིས《དཀར་མཛེས་ཁུལ་ལི་ཐོན་ལས་འཕེལ་རྒྱས་འཆར་འགོད》ཀྱི་བླང་བྱ་ལྟར་ལི་ཐོན་ལས་མ་འཇོག་བྱེད་ཤུགས་དང་སྔོག་འདོན་གཞི་ཁྱོན་ཆེ་རུ་བཏང་ནས་དཀར་མཛེས་ཁུལ་གྱི་ལི་ཐོན་ལས་སྦྲེལ་ཐག་གཏོད་པ་དང་འབྲེལ། ལི་སྤུས་ལེགས་གཏེར་ཁའི་ཐོན་རྫས་བྲིན་ཚོང་ཡོང་འབབ་ནས་ཁེ་ཕན་མཉམ་སྤྱོད་ཀྱི་མ་དངུལ་བླངས་ཏེ་གཏན་འབེབས་བྱས་པའི་དུས་ཚོད་ནང་ཁུལ་སྲིད་གཞུང་ལ་སྤྲོད་དགོས་པ་རེད། དེར་བརྟེན་ནས་ཁེ་ལས་དང་ས་གནས་ལག་གདང་སྦྲེལ་ནས་འཕེལ་རྒྱས་དོན་དུ་གཉེར་བའི“སེམས་འབྲེལ་ཟམ་པ”སླར་ཡང་ལྷ་སྒང་རྩྭ་ཐང་ཐོག་ཏུ་བཙུགས་པ་རེད།
ལོ་བཞི་ལྷག་ཙམ་རིང་ས་གནས་དང་ཁེ་ལས་ཕྱོགས་གཉིས་པོས་དཀའ་ངལ་མཉམ་འཁུར་དང་ལག་གདང་མཉམ་སྦྲེལ། དུས་ངལ་མཉམ་སེལ་བཅས་བྱས་པ་རེད། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་མར་ཆག་པ་སོགས་ཀྱི་འགྲན་སློང་མང་པོའི་མདུན་དུ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དམངས་གཉེར་ཁེ་ལས་འཕེལ་རྒྱས་ཀྱི་ཁོར་ཡུག་སྔར་བས་ལེགས་སུ་བཏང་བ་དང་དམངས་གཉེར་ཁེ་ལས་པའི་འཕེལ་རྒྱས་ཀྱི་ཡིད་ཆེས་བརྟན་དུ་བཏང་སྟེ་སྲིད་ཇུས་དང་ཞབས་ཞུར་བརྟེན་ནས་ཤུགས་ཡོད་རྒུས་ཁེ་ལས་ལ་རོགས་རམ་དང་ཁེ་ལས་བརྟན་བརླིང་། ཁེ་ལས་ལ་རྒྱབ་སྐྱོར་བཅས་བྱས་ཏེ་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།
དར་མདོ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་གསར་འགོད་པར“2019ལོར་རུང་ཏ་ལི་ལས་རིགས་ཚད་ཡོད་སྤྱི་གཉེར་ཁང་གིས་བསྐྱར་དུ་ཐོན་སྐྱེད་བྱས་ཚུན། སྤྱི་གཉེར་ཁང་དེས་གཏན་འཇགས་རྒྱུ་ནོར་སྒོར་དུང་ཕྱུར1.26བཏང་བ་དང་ཡོང་འབབ་ཁྲལ་འབབ་སྒོར་ཁྲི1450ཚབ་འཕྲི་བྱས། གཏན་འཇགས་རྒྱུ་ནོར་སྒོར་ཁྲི500མན་ལ་ཐེངས་གཅིག་རང་བཞིན་གྱི་རྙིང་ཕབ་འཕྲི་འཐེན་ལོངས་སྤྱོད་བྱས། 2021ལོར་སྒོར་ཁྲི166གིས་ཉོས་པའི་འཕྲུལ་འཁོར་སྒྲིག་ཆས་ཚང་མ་ཐེངས་གཅིག་རང་བཞིན་གྱི་རྩིས་ཁོངས་སུ་བཅུག་ནས་རྙིང་ཕབ་འཕྲི་འཐེན་བྱས་ནས་སྤྱི་གཉེར་ཁང་དེར་སྐབས་དེའི་ཐོབ་ཁྲལ་སྒོར་ཁྲི20ལྷག་ཙམ་གྲོན་ཆུང་བྱས་པར་མ་ཟད། ཞིབ་འཇུག་གསར་སྤེལ་ཐད་མ་དངུལ་སྒོར་ཁྲི97.74བཏང་བར་དཔྱ་ཁྲལ་མ་འཇལ་གོང་རྩིས་སྣོན་འཕྲི་འཐེན་བྱས་ཡོད”ཅེས་ངོ་སྤྲོད་བྱས། ཁྲལ་གྲོན་རྒྱབ་སྐྱོར་སྲིད་ཇུས་ཕུད་དར་མདོ་གྲོང་ཁྱེར་ཁྲལ་དོན་ཅུས་ཀྱིས་གནད་སྨིན་དྲིལ་བསྒྲགས་ཟུར་ཁྲིད་བྱས་ཏེ་ཁོར་ཡུག་སྲུང་སྐྱོང་གི་དཔྱ་ཁྲལ་དང་ཐོན་ཁུངས་དཔྱ་ཁྲལ། རྨོ་ཞིང་བཟུང་སྤྱོད་དཔྱ་ཁྲལ་བཅས་གཙོ་གནད་དུ་བཟུང་ནས་ཁྲལ་བསྡུའི་ཁེ་ལས་ཀྱི་འབྲེལ་གཏུག་ལམ་སྲོལ་བཙུགས་ནས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་ཁྲོད་ཀྱི་འགག་གནད་སྒྲོལ་རོགས་བྱས་ཏེ་ཁེ་ལས་ལྗང་མདོག་རིམ་སྤོར་ཡོང་བར་སྐུལ་འདེད་བཏང་བ་རེད།
རུང་ཏ་ལི་ལས་རིགས་ཚད་ཡོད་སྤྱི་གཉེར་ཁང་གིས་ཀྱང་སེམས་པ་གཅིག་ཏུ་བསྒྲིལ་ནས་ཤུགས་ཡོད་རྒུས་ཐོན་སྐྱེད་ནང་ཞུགས་ཏེ་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་བྱས། སྤྱི་གཉེར་ཁང་གི་སྤྱི་གཉེར་བའི་ལས་རོགས་ལི་ཡོན་གྱིས་གསར་འགོད་པར2022ལོར་སྤྱི་གཉེར་ཁང་གིས་སྤུས་ལེགས་གཤའ་དཀར་གཏེར་ཁ་ཏུན་ཁྲི6.5ཐོན་སྐྱེད་བྱས་ནས་བཟོ་ལས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར14ལེགས་སྒྲུབ་བྱས་པ་དང་ཁྲལ་རིན་སྒོར་དུང་ཕྱུར4.17འཇལ་ཡོད། 2019ལོ་བསྐྱར་དུ་ཐོན་སྐྱེད་བྱས་པ་ནས་ད་བར་སྤྱི་གཉེར་ཁང་གིས་རིམ་རྩིས་བྱས་པ་ལྟར་ན་དཀར་མཛེས་ཁུལ་དུ་ཁྲལ་དངུལ་སྒོར་དུང་ཕྱུར4.5འཇལ་ནས་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར20ཙམ་ལེགས་སྒྲུབ་བྱས་པ་དང་རིམ་རྩིས་བྱས་ན་ཁེ་ཕན་མཉམ་སྤྱོད་ཀྱི་མ་དངུལ་སྒོར་ཁྲི5716འཇལ་ཡོད་པ་རེད།
རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་ལེན་བསྟར་ནས་འབྱུང་འཕྲོད་ཐཱན་ཉུང་གི་འཁོར་རྒྱུག་ཡོང་བར་བསྐུལ།
གཏེར་ཁ་སྔོག་འདོན་སྐོར་གླེང་སྐབས། དཔལ་འབྱོར་གྱི་ཡོང་འབབ་མང་བར་ཕུད།གཏེར་ཁ་སྔོག་འདོན་བྱས་པ་དེས་སྐྱེ་ཁམས་ཁོར་ཡུག་ལ་ཤུགས་རྐྱེན་བཟོས་པ་དང་། ལྷག་པར་དུ་རུང་ཏ་ལི་ལས་རིགས་ཚད་ཡོད་སྤྱི་གཉེར་ཁང་གི་གཏེར་ཁུལ་ནི་མཐོངས་ཡངས་སྔོག་འདོན་བྱེད་སྟངས་ཤིག་ཡིན་པས་ཐོན་སྐྱེད་ཀྱི་མ་གནས་དམའ་བ་དང་གཏེར་རྡོ་ཚུར་བསྡུའི་བྱེད་ཚད་མཐོ་བ་སོགས་ཀྱི་ལེགས་ཆ་ལྡན་ཡོད་མོད།འོན་ཀྱང་ས་གནས་དེ་གའི་ས་གཤིས་དང་སྐྱེ་ཁམས་ཁོར་ཡུག་ལ་ཤུགས་རྐྱེན་ངེས་ཅན་བཟོ་གི་ཡོད།
རུང་ཏ་ལི་ལས་རིགས་ཀྱི་གཏེར་ཁུལ་དུ་སྐྱོད་སྐབས་བསམ་ཚོད་ནང་གི་རི་ཉིལ་ཐལ་རྡུལ་མང་བའི་གཏེར་ཁུལ་གྱི་རྣམ་པ་ཞིག་མ་ཡིན་པར་གཞུང་ལམ་གཡས་གཡོན་དུ་སྔོ་ལྗང་རྩི་ཤིང་སྔོ་ཐིང་ཐིང་ཡིན་པ་དང་། ཆུ་གཏོར་རླངས་འཁོར་བཅས་ཀྱིས་དུས་ཚོད་གཏན་འཁེལ་མེད་པར་ལམ་ངོས་ལ་ཆུ་གཏོར་ནས་བཟོ་གྲྭའི་ཁུལ་ཧྲིལ་པོ་དེ་བས་གཙང་ལ་གྲལ་འགྲིག་པ་ཞིག་མཐོང་རྒྱུ་འདུག།
སྤྱི་གཉེར་ཁང་དེའི་སྤྱི་གཉེར་དཔོན་གྱི་ལས་རོགས་ལི་ཡོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། རུང་ཏ་ལི་ལས་རིགས་ཚད་ཡོད་སྤྱི་གཉེར་ཁང་གིས2021ལོ་ནས་བཟུང་ཁྲེང་ཏུའུ་ཞིང་ནགས་ཚན་རིག་ཁང་དང་མཉམ་ལས་བྱས་ནས་མཐོ་སྒང་གཏེར་ཁུལ་གྱི་སྐྱེ་ཁམས་སླར་གསོ་ཚོད་ལྟའི་རྟེན་གཞི་བཙུགས་པ་དང་འབྲེལ་སྐྱེ་ཁམས་སླར་གསོ་པུའུ་བཙུགས་ནས་ཆེད་བསྐོས་མི་སྣ་བཀོད་སྒྲིག་བྱས་ཏེ་ཕྱོགས་གཅིག་ནས་གསར་སྤེལ་དང་།ཕྱོགས་གཅིག་ནས་བཅོས་སྐྱོང་།ཕྱོགས་གཅིག་ནས་སླར་གསོ་བཅས་ཀྱི་བླང་བྱ་ལྟར་ཚན་རིག་དང་མཐུན་པའི་ངང་གཏེར་རིའི་སྐྱེ་ཁམས་སླར་གསོའི་ལས་དོན་ཚད་ལྡན་ངང་སྤེལ་ཡོད།ད་སྔའི་བར་རིམ་རྩིས་བྱས་ན་སྐྱེ་ཁམས་ཉམས་གསོའི་མ་དངུལ་སྒོར་ཁྲི5000བཏང་ནས་མུའུ1000ཙམ་གྱི་གཏེར་ཁུལ་དུ་བསྐྱར་སྦོལ་བྱས་པ་དང་།མཐོ་སྒང་ལ་འཚམས་པའི་གསོམ་སྡོང3000ལྷག་དང་།ཚོད་ལྟའི་ངང་རྩི་ཤིང་རིགས38། སྡོང་ཕྲན100000བཅས་འདེབས་འཛུགས་བྱས་ཡོད།
དེ་ཕུད་ཆུ་ཁུངས་ཀྱི་སྦགས་བཙོག་སྔོན་འགོག་བྱ་རྒྱུ་དེ་ཡང་ལྗང་མདོག་གཏེར་རི་འཕེལ་རྒྱས་གཏོང་བའི་གནད་དོན་གལ་ཆེན་ཞིག་ཡིན་པས། གཏེར་ཁུལ་ལ་མཚོན་ན་གཏེར་རོའི་བཙོག་ཆུ་ཇི་ལྟར་བཅོས་སྐྱོང་བྱ་རྒྱུ་དེ་དོན་ཆེན་ཨང་དང་པོར་གྱུར་ཡོད། གསར་འགོད་པས་ཡུལ་དངོས་སུ་མཐོང་གསལ།གཏེར་འདེམས་བཟོ་གྲྭར་ཐོན་པའི་གཏེར་སྙིགས་ལྕགས་མདོང་བརྒྱུད་ནས་མཇུག་མའི་གཏེར་མཛོད་ནང་བླུགས་པ་དང་།མཇུག་མའི་གཏེར་བྱེ་གཏེར་མཛོད་ནང་ཉར་ཚགས་བྱས་པ།དྭངས་སུ་བཏང་བའི་གཏེར་སྙིགས།དྭངས་སུ་བཏང་བའི་ཆུ་བཞུར་ཆུའི་ནང་དུ་བཞུར་ནས་ཆུ་བསྡུ་རུབ་བྱེད་སར་བླུགས་པ།དེ་རྗེས་ཆུ་ཕྱིར་འཐེན་ས་ཚུགས་བརྒྱུད་གཏེར་འདོན་བཟོ་གྲྭའི་མཐོ་ཚད་ཀྱི་ཆུ་རྫིང་དུ་ལོག་པ་བཅས་རེད།
གཏེར་འདེམ་བཟོ་གྲྭའི་འགན་འཁུར་བས་གསར་འགོད་པར་རུང་ཏ་ལི་ལས་རིགས་ཚད་ཡོད་སྤྱི་གཉེར་ཁང་གི་གཏེར་འདེམས་བཟོ་གྲྭས་ད་སྔར་ཆུ་ལེན་གྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་ཕྱིན་པ་དང་ཆུའི་ཐོན་ཁུངས་འཁོར་སྐྱོད་བེད་སྤྱོད་ཐུབ་ནས་གཏེར་འདེམ་སྤྱོད་ཆུ་དེ་སྦགས་བཙོག་མེད་པ་དང་ཕྱིར་འབུད་མེད་པ་དངོས་འབྲེལ་ཐུབ་ཡོད་ཅེས་བཤད། དུས་མཉམ་དུ་མཇུག་མའི་གཏེར་མཛོད་དང་ཆུ་རྫིང་དུ་ལོག་སྐབས་སིམ་འགོག་འགྱིག་ཤོག་བཏིང་ནས་མཇུག་མའི་ཆུ་མི་སིམ་པར་བྱས་ཏེ་ས་གནས་དེ་གའི་ཆུའི་ཐོན་ཁུངས་ཀྱི་ཉེན་མེད་འགན་ལེན་བྱེད་ཀྱི་ཡོད།
སྤྱི་ཚོགས་ཀྱི་འགན་འཁྲི་ལག་ལེན་བསྟར་ནས་མང་ཚོགས་ཀྱི་འཚོ་བ་དེ་བས་སྐྱིད་པོ་ཡོང་བར་བསྐུལ།
གཏེར་ཁུལ་གནས་སའི་དར་མདོ་གྲོང་ཁྱེར་ལྷ་སྒང་གྲོང་རྡལ་དེ་ཉིད་ཁྲེང་ཏུའུ་དང་ཁྲུང་ཆིང་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་དང་ཐག་ཉེ་ཤོས་ཀྱི་འབྲོག་ཁུལ་ཞིག་ཡིན་པའི་ངོས་ནས་དེ་སྔ་མང་ཚོགས་ཀྱི་འབབ་འཕར་ཡོང་དོན་གཙོ་བོ་འབྲོག་ལས་ཐོན་རྫས་རིགས་ཁག་ལ་བརྟེན་གྱི་ཡོད་པས་ཡོང་འབབ་དེ་ཙམ་མང་པོ་མེད་པས་འཚོ་བའང་ཛ་དྲག་ཡིན། གཏེར་ཁུལ་འཛུགས་སྐྲུན་བྱས་པ་དང་བསྟུན་ནས་ལམ་བཟོ་དང་།ཟམ་སྐྲུན།ཁང་པ་བསྐྲུན་པ་བཅས་བྱས་ཤིང་།ཨར་འདམ་ལམ་གསར་ཞིག་ཀྱང་ལྷ་སྒང་གྲོང་རྡལ་ནས་གཏེར་རིའི་བར་བསྐྲུན་པ་དང་།གྲོང་རྡལ་བརྒྱུད་ནས་བཞུད་པའི་ཆུ་ཁར་གཞུང་ལམ་གསར་བཟོ་བྱས་པར་མ་ཟད།ལྷ་སྒང་དུ་ཟམ་པ་གསར་པ་ཞིག་ཀྱང་བརྒྱབ་ཡོད།གཞུང་ལམ་དེར་སྒོར་ཁྲི9500ལྷག་བཏང་ནས་རིམ་སྤོར་དང་ལས་གཞི་གསར་སྐྲུན་བྱས་པས་ས་གནས་དེ་གའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་ལེགས་སུ་ཕྱིན་པ་དང་དུས་མཉམ་དུ་མི་སེར་ཚོས་ཀྱང་གཏེར་ཁུལ་དུ་ལས་དོན་དེ་བས་མང་བ་བསྒྲུབས་ཡོད།
ཀུན་བཟང་རབ་འཕེལ་ནི་ལྷ་སྒང་གྲོང་རྡལ་ར་ལི་གྲོང་སྡེའི་མི་ཡིན་ཞིང་།གཏེར་ཁུལ་དུ་བདེ་སྲུང་བྱས་ནས་ལོ་ཁ་ཤས་ཕྱིན་ཡོད།བཟའ་ཟླའང་རང་ཉིད་དང་འདྲ་བར་གཏེར་ཁུལ་དུ་ལས་ཀ་བྱེད་ཀྱི་ཡོད།ཁོ་གཉིས་པོའི་ཟླ་རེའི་གླ་ཕོགས་བསྡོམས་ན་སྒོར་ཁྲི་གཅིག་ལྷག་ཙམ་ཟིན་གྱི་ཡོད། ཀུན་བཟང་རབ་འཕེལ་གྱིས་གསར་འགོད་པར་དེ་སྔ་འདི་འདྲ་ཡོང་བ་བསམ་བློར་འཁོར་མྱོང་མེད།ཡོང་འབབ་དེ་སྔོན་དང་བསྡུར་ན་ལྡབ་འཕར་བྱུང་ཡོད།ལས་ཀ་བྱ་ཡུལ་ཁྱིམ་དང་ཐག་ཉེ་བས་ཡོང་འབབ་མང་དུ་སོང་བར་མ་ཟད།ཁྱིམ་ཚང་གི་རྒན་གཞོན་ཚང་མར་ལྟ་རྟོག་ཀྱང་བྱེད་ཆོག་ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན།སྤྱི་གཉེར་ཁང་དེར་ད་ཆ་ལས་བཟོ197ཡོད་པའི་ནང་དཀར་མཛེས་ཁུལ་གྱི་མིས་བརྒྱ་ཆ75བཟུང་ཡོད། དུས་མཉམ་དུ་གཏེར་ཁུལ་གྱིས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་དུས་ཚོད་གཏན་འཁེལ་མེད་པའི་གནས་སྐབས་ལས་བཟོ་སྣ་ཚོགས་བསྡུས་ནས་རིམ་རྩིས་བྱས་ན་ལས་ཞུགས་སྣ་ཚོགས་མི་གྲངས1500ལྷག་ཙམ་བསྡུས་ཡོད། 2022ལོར་ལས་ཞུགས་ལས་གཉེར་དང་ཟོག་འགྲེམས་སྐྱེལ་འདྲེན་ལ་ཡོང་འབབ་སྒོར་ཁྲི2600ལྷག་བྱུང་བའི་ནང་ལས་ཞུགས་ལས་མི་བསྡུ་བའི་ཐད་གླ་ཕོགས་རང་བཞིན་གྱི་ཡོང་འབབ་སྒོར་ཁྲི2000ལྷག་བྱུང་བ་དང་།ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་གཏེར་རིའི་སྐྱེ་ཁམས་སླར་གསོ་དང་ལས་གྲྭ་འཛུགས་སྐྲུན་གྱི་གནས་སྐབས་ལས་གཉེར་ནང་ཞུགས་སུ་བཅུག་པར་ཡོང་འབབ་སྒོར་ཁྲི100ལྷག་བྱུང་བ།ཉེ་འཁོར་མང་ཚོགས་ཟོག་འགྲེམས་སྐྱེལ་འདྲེན་ནང་ཞུགས་པར་ཡོང་འབབ་སྒོར་ཁྲི500ལྷག་ཙམ་བྱུང་ཡོད། ད་སྔའི་བར་རིམ་རྩིས་བྱས་ན་ལས་ཞུགས་འབབ་འཕར་སྒོར་དུང་ཕྱུར1བྱུང་ཡོད།
ས་གནས་དེ་གའི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་རོགས་རམ་བྱེད་པ་ཕུད།རུང་ཏ་ལི་ལས་རིགས་ཚད་ཡོད་སྤྱི་གཉེར་ཁང་གིས་ས་གནས་དེ་གའི་ཁེ་ལས་ཤིག་ཡིན་པའི་ངོས་ནས9·5ལྕགས་ཟམ་ས་འགུལ་བྱུང་རྗེས་ཁུལ་དགེ་སྒྲུབ་སྤྱི་ཁྱབ་ལྷན་ཚོགས་བརྒྱུད་ས་འགུལ་གནོད་ཐེབས་ཁུལ་ལ་སྒོར་ཁྲི500ཞལ་འདེབས་བརྒྱབ་སྟེ་གནོད་འཚེ་ཕོག་པའི་མང་ཚོགས་ལ་དཀའ་གནད་ལས་ཐར་རོགས་བྱས་ནས་སྔ་ཙམ་རྒྱུན་གཏན་གྱི་འཚོ་བ་སླར་གསོ་ཐུབ་པ་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན།དེ་ནི་ལྕགས་ཟམ་རྫོང་ས་འགུལ་བྱུང་རྗེས་ཀྱི་ཁུལ་ནང་ཁུལ་དུ་བསྡུས་པའི་མ་དངུལ་འབོར་ཆེན་གྱི་ཞལ་འདེབས་དང་པོ་དེ་ཡིན་པ་དང་།དེ་གོང་རུང་ཏ་ལི་ལས་རིགས་ཚད་ཡོད་སྤྱི་གཉེར་ཁང་གིས་ད་དུང་དར་མདོའི11·22ས་འགུལ་དུ་ཡོམ་འགོག་གེགས་སེལ་གྱི་དངོས་ཟོག་སྒོར་ཁྲི53ཞལ་འདེབས་བརྒྱབ་ཡོད།
2005ལོར་དར་མདོ་གྲོང་ཁྱེར་དུ་ཐོ་འགོད་བྱས་ནས་བཙུགས་པ་ནས་ད་བར་ལོ17རིང་རུང་ཏ་ལི་ལས་རིགས་ཚད་ཡོད་སྤྱི་གཉེར་ཁང་དང་དཀར་མཛེས་ཁུལ་དབར་མཉམ་ལས་ཀྱི་མཛའ་གྲོགས་ཟབ་མོ་དང་།མཉམ་ལས་ཀྱི་རྨང་གཞི་བརྟན་པོ།མཉམ་ལས་བར་མཐོངས་རྒྱ་ཆེན་པོ་བཅས་ཆགས་ཡོད། ཕྱོགས་གཉིས་པོས་གཉིས་ཁེ་གཉིས་ཕན་གྱི་རྩ་དོན་གཞིར་བཟུང་ནས་མཉམ་དུ་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་ནས་བརྟན་ལྷིང་དང་སྐྱོན་བྲལ་གྱི་མཉམ་ལས་འབྲེལ་བ་བཟང་པོ་བཙུགས་ཡོད།
འབྱུང་འགྱུར་གྱི་འཕེལ་རྒྱས་འཆར་འགོད་སྐོར་གླེང་སྐབས་རུང་ཏ་ལི་ལས་རིགས་ཚད་ཡོད་སྤྱི་གཉེར་ཁང་གི་འགན་འཁུར་བས་སྤྱི་གཉེར་ཁང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐུགས་ཁུར་དང་མཛུབ་ཁྲིད་འོག་སྐྱེ་ཁམས་སྔོན་ལ་འཇོག་པ་དང་འབྱུང་འཕྲོད་འཕེལ་རྒྱས་གཏོང་བའི་འདུ་ཤེས་མུ་མཐུད་བརྟན་པོ་བཅངས་ནས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་དང་བདེ་འཇགས་ཀྱི་འདུ་ཤེས་སྔར་བས་ཆེ་རུ་བཏང་སྟེ་སྐྱེ་ཁམས་སྲུང་སྐྱོང་དང་ཐོན་སྐྱེད་ཉེན་མེད་ཀྱི་བྱེད་པོའི་འགན་འཁྲི་ཏན་ཏིག་སྒྲུབ་པ་དང་།ལི་ཐོན་ལས་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན།སྤུས་ཚད་དང་ཕན་འབྲས་ཆེར་གཏོང་།ཐོན་ནུས་ཆེར་གཏོང་བཅས་བྱས་ཏེ་ཁུལ་ཡོངས་ཀྱི་ལི་གཏེར་རྫས་ཐོན་ཁུངས་ལྗང་མདོག་གསར་སྤེལ་བེད་སྤྱོད་ཀྱི་དཔེ་སྟོན་ཁེ་ལས་ཤིག་བསྐྲུན་ནས་དཀར་མཛེས་ཁུལ་ཡོངས་ཀྱིས་རྒྱལ་ཁབ་རིམ་པའི་ནུས་རྒྱུ་གཙང་མའི་རྟེན་གཞི་གལ་ཆེན་ཞིག་གཏོད་རྒྱུ་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།།
ཀུན་དགའ་དང་རྟ་མགྲིན་གྱིས་བསྒྱུར།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10