གྲིབ་མ།

བྲན།        2023-05-19

ལྷོ་ཕྱོགས་སྲིད་པའི་འཇིག་རྟེན་ལ།།

རིང་ནས་ཆགས་པ་ཚངས་པའི་སྲས།།

ཀུན་རིག་བྱེད་མཁས་དབྱངས་ཅན་གྱིས།།

རིང་དུ་སྐྱོངས་ཤིག་ཡང་ཡང་མཆོད།།

ཞོགས་ཟེར་བརྩེ་བའི་འདོད་ལྡན་གྱིས།།

ཡུམ་གཅིག་གེ་སར་པདྨོ་ལ།།

འཁྱུད་ལས་བདེ་སྟོང་བདུད་རྩིའི་རོ།།

ཟེགས་པ་ལས་འཁྲུངས་རང་ཉིད་རྒྱལ།།

རྟེན་འབྱུང་རེ་ཁཱའི་སྔོ་བསངས་མ།།

སྒེག་པའི་སྤྱན་ཟུང་ཉི་ཟླ་ཡི།།

འོད་ཀྱི་ཟེགས་མ་དབྱིག་གུའི་ཚལ།།

འཕེལ་བས་འཁྲི་ཤིང་གར་དུ་རྩེན།།

སྟབས་ཅིག་རང་གི་གོམ་པའི་ཁ།།

ས་ཆེན་རྒྱན་དུ་བཀོད་པའི་ཚེ།།

ལས་ཀྱི་གྲིབ་མའི་ལྕི་ཡང་ཙམ།།

གཏན་དུ་མ་ཚོར་སྡུག་ཡུས་ལྕི།།

སྐྱིད་སྡུག་གོམ་ཁ་འཁྱོར་བའི་ཚེ།།

མདུན་རྒྱབ་གང་གི་གཟུགས་ཉིད་ལ།།

འཁྲེང་བའི་གྲིབ་མ་ལུས་ཀྱི་ཟླ།།

ཀུན་ནས་སྟོང་སྟེ་བྱེད་པོར་གྲུབ།།

ཉི་མས་གདུང་ཞིང་ལུས་ཀྱི་རྔུལ།།

བདག་གི་གདོང་ནས་ཐོར་བའི་ཚེ།།

མདུན་རྒྱབ་ལུས་ཀྱི་གྲིབ་ཆེན་མས།།

བརྙས་སྨོད་བྱེད་པ་འདི་ཀོ་ཅི།།

བསིལ་འཇམ་ཟླ་བའི་འོད་ཟེར་གྱིས།།

ལུས་ལ་རེག་པའི་ཡིད་ཁམས་དབྱིངས།།

ཡོངས་སུ་དྭངས་པའི་སྐབས་ཉིད་ལ།།

གློ་བུར་བདག་གི་དྲུང་ན་གཡོ།།

ཡུལ་གྱི་ཚོགས་དང་བཏགས་པའི་བརྡས།།

ཤུགས་ཀྱིས་སྐྱོར་བའི་གཟུགས་འདི་ཀོ།།

མཚན་སྨག་རབ་ཏུ་འཐིབས་པའི་ཚེ།།

གར་སོང་ཙམ་གྱི་རྗེས་མ་ཟིན།།

ཉི་ཟླའི་འོད་གོར་སྟོང་འཁྱིལ་ཞིང་།།

ཕྲན་ཆུང་རབ་ཏུ་སྐྱིད་པའི་ཚེ།།

ཁྱོད་ནི་དགོད་བཞིན་འཛུམ་པ་ལྟར།།

ཕྱོགས་བཞི་སྲུང་བའི་དཔའ་བོར་ངེས།།

རྒུད་པའི་མུན་ནག་དཀྲིགས་པ་དང་།།

རྔམ་གནག་མཚན་མོའི་དྲག་ཆར་གྱིས།།

བདག་ལ་རབ་ཏུ་རྒོལ་བའི་ཚེ།།

བདག་ནི་ཁེར་རྐྱང་ཉིད་དུ་གྱུར།།

གལ་ལ་འཕྲད་པའི་དུས་ཀྱི་ཚེ།།

གཉེན་དང་གྲོགས་ནི་གྲིབ་མ་ལྟར།།

མདུན་དང་རྒྱབ་ནས་མུན་པ་ཡིས།།

ཁ་ཟས་ཉིད་དུ་གྱུར་སོ་ལོ།།

ཡང་ཡང་བསླུ་ཞིང་ཡང་ཡང་དགོད།།

ཡང་ཡང་འཁྱུད་ཅིང་ཡང་ཡང་གྱེས།།

འདི་དང་འདི་ལྟའི་གྲིབ་མའི་ཚོགས།།

དེ་དང་དེ་བཞིན་མི་ཚོགས་མང་།།

གྲིབ་མས་བདག་ལ་བསླུས་པ་ལྟར།།

ངས་ཀྱང་གྲིབ་མར་བསླུས་པ་མང་།།

དེ་དང་དེ་བཞིན་བསླུས་པའི་ཚོགས།།

ཚོགས་པའི་དབུས་སུ་མཐོལ་ལོ་བཤགས།།

  • ལེ་ཚན་སྔོན་མ།:ཕུ་བོར་ཕུལ་བའི་སྙིང་གཏམ་ཀ་རྩོམ་མ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།