བཀྲ་ཤིས། 2023-05-19
ཉི་འོད་འཇམ་ལྷོད་ལྷོད་དུ་ཤར་བའི་ཉིན་གུང་ཞིག་ལ་སླར་ཡང་འདབ་པ་རྫོང་གི་གསལ་ལ་ཡུལ་ཤོག་གི་ཕུ་ཉེ་གྲོང་ཚོར་སོང་། གྲོང་པའི་འགྲམ་ལ་སླེབས་དུས་དུད་ཚང་གཉིས་ཀྱི་ཟུར་ལ་མཁར་ཤུལ་ཞིག་ཡོད་པ་མཐོང་། རྡོ་རྩིག་ཁང་པ་གསར་པས་ཁེངས་པའི་གྲོང་ཚོ་དེ་ན། མཁར་ཤུལ་ཞིག་ལྷག་ཡོད་པ་དེར་ངག་རྒྱུན་ཡ་མཚན་པ་ཞིག་ཡོད་རྒྱུ་རེད་བསམས་ཏེ་མགྱོགས་པར་དེའི་ཕྱོགས་སུ་སོང་བ་ཡིན།
ས་འབུར་འབུར་ཅུང་ཆེན་པོ་ཞིག་གི་ཐོག་ཏུ་བསང་སྒམ་གྲུ་བཞི་མ་ཞིག་དང་། རྒྱབ་ངོས་སུ་ཐོག་བརྩེགསགཅིག་ཙམ་གྱི་རྩིག་ཤུལ་ཞིག་འདུག། རྩིག་ངོས་ལས་མཁར་གྱི་ཟུར་གདོང་གི་རྣམ་པ་གསལ་པོར་མཐོང་ཐུབ་པས། མཁར་རྫོང་གི་ཤུལ་ཞིག་ཡིན་པ་གསལ་པོ་རེད།
ངས་མཁར་ཤུལ་དེར་སྐོར་བ་བརྒྱབ་སྟེ་ཡར་ལྟ་མར་ལྟ་བྱེད་དུས། ཕོ་སར་ཞིག་ངའི་འགྲམ་དུ་སླེབས་བྱུང་། ཁོ་དང་ཁ་བརྡ་བྱས་ཏེ་མཁར་ཤུལ་དེའི་སྐོར་རྒྱུས་ལོན་བྱེད་བསམས་མོད། ཁོ་ཡིས་ང་ཚོ་ལོ་ཆུང་ཚོས་ཅི་ཡང་ཤེས་མ་རེད། ཁྱིམ་མཚེས་ཚང་ལ་ཨ་མྱེ་བློ་བཟང་ཟེར་བ་ཞིག་ཡོད་པ་དེར་ཆ་རྒྱུས་ཡོད་ཅེས་ཟེར་ཏེ་ཁོང་འབོད་དུ་སོང་།
ཅུང་མ་འགོར་བར་དགུང་ལོ་བརྒྱད་ཅུ་ཙམ་ལ་སོན་པའི་ཨ་མྱེ་བློ་བཟང་གིས་ལག་ཟུང་འཁར་བར་བརྟེན་ཏེ་སྒོ་ཁར་བུད་བྱུང་། ང་ཁོང་གི་འགྲམ་དུ་བཅར་ཏེ་རོང་སྐད་ཀྱི་ཐོག་ནས་ཁ་བརྡ་བྱེད་དུས། ངེད་གཉིས་བར་གོ་བརྡ་འཕྲོད་པས་ཁོང་གི་ངོ་ལས་ཅུང་ཡ་མཚན་པའི་རྣམ་འགྱུར་ཤར་ལ། ང་ལའང་ཡུལ་མི་རྒན་པོ་ཞིག་དང་ཐུག་པ་འདྲ་བའི་སྣང་བ་སྐྱེས་བྱུང་།
ཨ་མྱེ་བློ་བཟང་གིས་གསུངས་པ་ལྟར་ན། མཁར་ཤུལ་དེ་ལ་དེང་སང་ཡུལ་མི་ཚོས་བརྩེགས་སྒང་འཇང་རྒྱལ་ཞེས་འབོད་ཀྱང་། དོན་ངོ་མར་བརྩེགས་སྒང་ཕོ་རོག་རླུང་ཆེན་མཁར་ཞེས་ཟེར། ཁོ་རང་ཆུང་དུས་སུ་མཁར་དེ་མཐོ་ཞིང་རྒྱ་ཆེ་བ་བརྩེགས་དགུ་ཅན་ཞིག་ཡིན་པ་དང་། བརྩེགས་སྟེང་མ་ནི་ཆོ་ག་སྒྲུབ་ས་ཡིན་ལ་ཐོག་བརྩེགས་རེ་རེ་ལ་མདའ་ཁུང་ངམ་བོའུ་ཁུང་རེ་ཡོད། འོན་ཀྱང་། མཁར་དེར་རྡོ་རིང་མང་པོ་བརྩིགས་ཡོད་པའི་རྐྱེན་གྱིས་རྗེས་སུ་གཞུང་ལམ་ལས་དུས་སུ། འགད་རྫས་བཞག་ནས་བཤིགས་ཏེ་རྡོ་རིང་གིས་ཟམ་གདན་བྱས་པ་རེད་ཟེར། དེ་ནི་བདེན་ཚོད་དུ་འདུག་སྟེ། གྲོང་པའི་འདབས་ཀྱི་ཆུའི་འགྲམ་དུ་མ་ཎི་འབྲུ་དྲུག་བརྐོས་ཡོད་པའི་རྡོ་རིང་ཞིག་སྣང་།
མཁར་དེ་ལ་བརྩེགས་སྒང་འཇང་རྒྱལ་ཞེས་པ་ནི་འཇང་ས་དམ་རྒྱལ་པོའི་མཁར་ཡིན་པ་དང་། ཕོ་རོག་རླུང་ཆེན་མཁར་ཞེས་པ་ནི་ས་དེར་རླུང་ཧ་ཅང་ཆེ་ཡང་། མཁར་དེ་བཞེངས་པ་ནས་བཟུང་རླུང་ཆེན་པོ་བཀག་པས་མིང་དེ་ལྟར་ཐོགས་པ་རེད་ཟེར། ས་ཆ་གཞན་གྱི་མཁར་རྫོང་ལ་ངག་རྒྱུན་ཡོད་པ་ལྟར། མཁར་དེའི་གཞི་ཁྱོན་འཆར་འགོད་དང་རྩིག་པ་རྩིག་སྟངས་གཞན་དང་མ་འདྲ་བ་ཞིག་ཡོང་བའི་ཆེད་དུ། འཇང་གི་རྡོ་བཟོ་ལ་མཁས་པའི་མི་གཅིག་ལ་ལས་སུ་བཅུག་པ་དང་། ལས་ཚར་རྗེས་གསང་བ་གཞན་ལ་མི་བསྒྲག་པ་དང་། ས་ཆ་གཞན་ལ་དེ་དང་འདྲ་བའི་མཁར་རྫོང་མི་ཡོང་བའི་ཆེད་དུ། རྩིག་བཟོ་དེའི་ལག་པ་བཅད་པས་མ་ཚད་མིག་ཀྱང་བརྐོས་པ་རེད་ཟེར། མི་གཅིག་གིས་དེ་ལྟ་བུའི་མཁར་རྫོང་ལས་དགོས་ན། དུས་ཚོད་ཡུན་རིང་འགོར་བས་ངག་རྒྱུན་དེ་བདེན་པ་ཡིན་མིན་ཁ་ཚོན་གཅོད་དཀའ་མོད། དེ་ལས་དབང་བསྒྱུར་པའི་གདུག་རྩུབ་ཀྱི་བྱ་སྤྱོད་གསལ་པོར་ཤེས་ཐུབ།
མཁར་ཤུལ་དེའི་གཡས་ཕྱོགས་སུ་སྤང་དཀར་ཟུར་མགོ་ཞེས་པའི་རི་གདོང་ཞིག་ཡོད་པ་དེར་རྩིག་ཤུལ་རྒྱ་ཆེ་བ་ཞིག་དང་། མདུན་ཕྱོགས་སུ་ས་ཕུང་པོར་སྤུངས་པ་དེ་ན་རྡོ་བརྐོས་མང་པོ་མཐོང་རྒྱུ་འདུག། ཨ་མྱེ་བློ་བཟང་གིས་དེ་ནི་འཇང་རྒྱལ་པོའི་ཕོ་བྲང་གི་ཤུལ་རེད་ཟེར། བཤད་སྲོལ་དུ་དེ་ནས་མཁར་ཤུལ་བར་གྱི་ས་འོག་ཏུ་དོང་གིས་ཕན་ཚུན་སྦྲེལ་ཡོད་ཀྱང་། དུས་ཡུན་རིང་པོ་བརྒལ་ཟིན་པས་ད་ལྟ་བརྡིབས་ནས་ཤུལ་ཙམ་ཡང་མཐོང་རྒྱུ་མི་འདུག།
མཁར་ཤུལ་དེ་ཡོད་སའི་གྲོང་པར་ཕུ་ཉེ་ཞེས་པ་ནི་ལུང་པའི་ཕུ་དང་ཐག་ཉེ་བས་དེ་ལྟར་འབོད་པ་ཡིན་ངེས་ལ། ལུང་པའི་ཕུ་ལ་ཡོད་པའི་ཡུལ་ལྷའམ་གཞི་བདག་ལ་ཟུར་གསུམ་ཟེར། ཡུལ་ལྷ་ཟུར་གསུམ་གྱི་མདུན་དུ་ཆགས་པའི་མཁར་དེ་ལ་ཕོ་རོག་རླུང་ཆེན་མཁར་ཞེས་པ་ནི། རླུང་ཆེན་པོ་ལྡང་བའི་ས་རུ་རྡོ་ནག་ལས་བརྩིགས་པའི་མཁར་ཞེས་པའི་དོན་ཡིན་ཤས་ཆེ་མོད། ཕོ་རོག་ཅེས་པ་ནི་བྱ་ནག་ནག་ཅིག་ཡིན་ལ། བོད་པ་ཚོས་ཕོ་རོག་ནི་ལྷ་བྱ་ལ་རྩི་སྲོལ་ཡོད་པས་རྟེན་འབྲེལ་གྱི་ཆེད་དུ་མིང་དེ་ལྟར་ཞིག་ཐོགས་པ་ཡིན་ཡང་སྲིད། གང་ལྟར། ཨ་མྱེ་བློ་བཟང་གིས་སྔོན་མར་མཁར་དེའི་བརྩེགས་སྟེང་མ་ནི་ཆོ་ག་སྒྲུབ་ས་ཡིན་པ་དང་། བརྩེགས་རེ་རེ་ལ་མདའ་ཁུང་རེ་ཡོད་པ། དེང་སང་མཁར་ཤུལ་གྱི་ཐོག་ལ་བསང་སྒམ་ཞིག་དང་མར་མེ་འབུལ་ས་ཞིག་ཡོད་དོན་ནི། འཇང་རྒྱལ་པོ་ཉམས་རྒུད་དུ་སོང་རྗེས་དེ་ནི་ཡུལ་མི་ཚོའི་མཆོད་ཡུལ་དུ་གྱུར་པས་རེད་ཅེས་པ་དང་། མཁར་རྫོང་དེ་ཡུལ་ལྷ་ཡི་མདུན་དུ་ཆགས་ཡོད་པ་བཅས་ལ་བལྟས་ན། མཁར་དེས་སྐབས་དེར་ཆོས་ཕྱོགས་དང་དམག་དོན་གཉིས་ཀའི་གོ་གཅིག་ཏུ་ཆོད་ཡོད་ཚོད་རེད།
མཁར་ཤུལ་དེ་ལ་འཇང་རྒྱལ་མཁར་ཞེས་འཇང་ས་དམ་རྒྱལ་པོའི་མཁར་ཡིན་པའི་ལུང་དང་རིགས་པ་ཅི་ཡོད་ཟེར་ན། གཅིག་ནི་དེང་སང་ཡང་འཇང་ཡུལ་ནས་མཁར་ཤུལ་དེ་མཇལ་དུ་ཡོང་མཁན་ཡོད་པ་དང་། གཉིས་ནི་འདབ་པ་རྫོང་ལ་འཇང་རོང་ཞེས་པའི་ཡུལ་ཚོ་ཞིག་ཡོད་པ་དེར་ཡང་འཇང་ཁང་ཞེས་མཁར་ཤུལ་མི་ཉུང་བ་ཞིག་ཡོད་པ་དང་། གསུམ་ནི་ཕུ་ཉེ་གྲོང་ཚོར་ཡོད་པའི་མཁར་ཤུལ་དང་འཇང་རྒྱལ་པོའི་ཕོ་བྲང་གི་ཤུལ་རེད་ཅེས་པ་དེ་དག་ནི། འཇང་རོང་ཡུལ་ཤོག་གི་ཕྱོགས་སུ་འགྲོ་སའི་ལུང་པ་དང་སྦྲེལ་ཡོད་པས། འཇང་ས་དམ་རྒྱལ་པོའི་སྐབས་སུ་ས་ཕྱོགས་དེ་དག་ལྷན་ཅིག་ཏུ་མངའ་འོག་ཏུ་བསྡུས་སྲིད་པས་རེད།
ལོ་རྒྱུས་ཀྱི་ཡིག་ཆ་ལས་ང་ཚོས་ཤེས་ཐུབ་པ་ནི། བོད་ཀྱི་རུས་བཞིའི་མི་གྲངས་ཇེ་མང་དུ་འགྲོ་བ་དང་བསྟུན་ནས། ཕན་ཚུན་བར་ས་ཆ་དང་རྒྱུ་ནོར་འཕྲོག་རེས་བྱེད་པའི་འཁྲུག་འཛིང་ཡོང་བས། ལྡོང་གི་རིགས་རྣམས་ས་ཆ་སོ་སོར་གྱེས་ཏེ། ལྷོ་ནུབ་ཕྱོགས་ཀྱི་སི་ཁྲོན་དང་ཡུན་ནན་སོགས་སུ་གཞིས་ཆགས་པ་རེད། ༼ བོད་རྒྱ་ཚིག་མཛོད་ཆེན་མོ ༽ རུ། འཇང་ཡུལ་ནི་ད་ལྟ་ཡུན་ནན་ཞིང་ཆེན་ནུབ་རྒྱུད་ཀྱི་ཏ་ལི་དང་ལི་ཅང་ལ་སོགས་པའི་ཡུལ་གྲུ་སྤྱི་དང་། ས་དམ་ནི་དེའི་བྱེ་བྲག་ལི་ཅང་ཁོ་ནའི་མིང་ཡིན། བོད་རྒྱལ་སྲོང་བཙན་སྒམ་པོའི་དུས་ཙམ་ལ་གྲངས་ཉུང་མི་རིགས་འགས་མཉམ་འབྲེལ་གྱིས་ས་ཕྱོགས་དེ་དབང་དུ་བསྒྱུར། སྤྱི་ལོ༦༤༩ནས༩༠༢བར་ཏེ་ལོ་གྲངས་ཉིས་བརྒྱ་ང་གསུམ་གྱི་རིང་ལ། ཁྭ་ལ་ཀག་དང་ཀག་ལོ་བོང་སོགས་རྒྱལ་པོ་བཅུ་གསུམ་རིམ་པར་བྱུང་བ་དེ་
དག་ལ་བོད་བཙན་པོའི་གཅུང་ཞེས་ཟེར་ཞིང་། ཐང་གི་རྒྱལ་པོས་ཀྱང་ཝང་གི་འཇའ་ས་ལན་དུ་མ་བསྩལ། ཏཱ་མིང་རྒྱལ་རབས་ཀྱི་སྐབས་སུ་ཡུལ་རྗེ་དེ་ལ་འཇང་ས་དམ་རྒྱལ་པོ་ཞེས་པའི་གོ་གནས་གནང་ཞེས་བཀོད་འདུག།
ལོ་རྒྱུས་སྨྲ་བ་འགའ་ཡིས་ཏཱ་མིང་རྒྱལ་པོ“朱元璋”གིས། ཁོ་རང་གི་རུས“朱”ཡི་ཆ་ཤས“木”ཞེས་པའི་ཡིག་འབྲུ་དེ་འཇང་ས་དམ་རྒྱལ་པོའི་རྒྱལ་རབས་བདུན་པ་ལ་རུས་གནང་བ་ནས་བཟུང་མུའུ་ཚང་རྒྱལ་པོ(木氏土司)འབོད་པ་རེད་ཅེས་བཤད་མོད། འཇང་གི་རིག་
གནས་པ་འགའ་ཡིས་དེ་ནི་ཏཱ་མིང་རྒྱལ་པོ“朱元璋”གིས་གནང་བའི་རུས་མ་ཡིན་པར་ཁོང་རང་ཚོ་ལ་གནའ་སྔོན་མ་ནས་རྨུའམ་དམུ་ཞེས་པའི་རུས་ཡོད་པས་རྨུ་ཚང་རྒྱལ་པོ་ཞེས་པ་རེད་ཅེས་གསུངས།༼ འཇང་གླིང་གཡུལ་འགྱེད༽ དུའང་རྨུ་རྗེ་ས་ཐམ་རྒྱལ་པོ་ཞེས་ཡང་ཡང་དུ་བཀོད་ཡོད་པས་དེ་བདེན་ཚོད་རེད། གང་ལྟར་རྨུ་ཚང་རྒྱལ་པོར་སྟོབས་ཤུགས་རྒྱས་པ་དང་བསྟུན་ནས་མངའ་ཐང་ཕྱོགས་བཞིར་བསྐྱེད་པའི་ཧམ་སེམས་སྐྱེས་ཏེ། ཁམས་ཕྱོགས་སུ་བཙན་འཛུལ་བྱེད་འགོ་ཚུགས་པ་རེད། ངའི་དགེ་རྒན་བོད་རིག་པ་བ་དབྱང་ཅཱ་མིང་གིས་ཞིབ་འཇུག་བྱས་པ་ལྟར་ན། མིང་རྒྱལ་རབས་ཁྲི་ལོའི་རིང་ལ་ས་དམ་རྒྱལ་པོས་ཕྱོགས་གཅིག་ནས་ལི་ཅང་ནས་འབྲི་ཆུ་བརྒྱུད་དེ། དམུ་ལིའི་ནུབ་ཕྱོགས་ནས་འདབ་པ་དང་ལི་ཐང་ཕྱོགས་ལ་བཙན་འཛུལ་བྱས་པ་དང་། ཕྱོགས་གཞན་ཞིག་ནི་བདེ་ཆེན་ནས་འབྲི་ཆུ་བརྒལ་ཏེ་སྡེ་རོང་དང་ཕྱག་ཕྲེང་། འབའ་ཐང་ཕྱོགས་ལ་བཙན་འཛུལ་བྱས་ཏེ་ཁམས་ཀྱི་ས་ཆ་མང་པོ་དབང་དུ་བསྒྱུར་བ་རེད་འདུག།
ལོ་རྒྱུས་ཀྱི་ཁུངས་ལུང་དེ་དང་ཡུལ་མི་ཚོའི་ངག་རྒྱུན། དེ་མིན་འདབ་པ་ལ་འཇང་རོང་ཞེས་པའི་ཡུལ་ཤོག་ཅིག་ཡོད་པ་དང་། ཡུལ་ཤོག་དེའི་ར་ལམ་གྲོང་པ་རུ་ཡུལ་མི་ཚོས་འཇང་ཁང་ཞེས་འབོད་པའི་མཁར་ཤུལ་དང་། ཝ་ལུང་གྲོང་པའི་གད་ཐོག་ན་རྒྱ་སྒོའི་གཡས་གཡོན་ལྟ་བུའི་མཁར་ཤུལ་གཉིས་ཡོད་པ་བཅས་ལ་བརྟེན་ན། འདབ་པ་རྫོང་གསལ་ལ་ཡུལ་ཤོག་གི་ཕུ་ཉེ་གྲོང་ན་ཡོད་པའི་མཁར་ཤུལ་དེ་ནི་འཇང་ས་དམ་རྒྱལ་པོའི་མཁར་ཤུལ་ཡིན་ཤས་ཆེ། རེད་དེ། འཇང་རྒྱལ་མཁར་ཟེར་དུས་ངེས་པར་དུ་འཇང་ས་དམ་རྒྱལ་པོ་སྐུ་དངོས་སུ་ཕེབས་ཏེ་བཞུགས་མྱོང་བ་ལ་གོ་མི་རུང་སྟེ། འཇང་ས་དམ་རྒྱལ་པོས་ས་ཆ་དེ་དག་དབང་དུ་བསྒྱུར་རྗེས། ས་དེ་གའི་ས་བདག་དང་སྐུ་དྲག་ལ་བདག་པོ་རྒྱག་ཏུ་བཅུག་ཀྱང་། དོན་དངོས་སུ་མི་དང་ས་ཆ། རྒྱུ་ནོར་ཡོད་ཚད་ས་དམ་རྒྱལ་པོ་ལ་དབང་བས། འཇང་ས་དམ་རྒྱལ་པོའི་མཁར་ཞེས་མི་གྲགས་རང་གྲགས་རེད།
འཇང་ས་དམ་རྒྱལ་པོས་ཏཱ་མིང་རྒྱལ་པོའི་དབང་ཤུགས་ལ་བརྟེན་ནས། ཁམས་ཕྱོགས་ཀྱི་ས་ཆ་མང་པོ་དབང་དུ་བསྡུས་ཀྱང་ལོ་ངོ་བརྒྱ་ཙམ་ཡང་མ་འགོར་བར། སྤྱི་ལོ༡༦༤༠ལོར་སོག་པོའི་གུ་ཤྲཱི་ཧན་གྱི་ལག་ནང་ཤོར་ཏེ་ལི་ཅང་ཕྱོགས་ལ་མི་ལོག་ཀ་མེད་དུ་གྱུར་པ་རེད།།
རྩོམ་གསར། 10