དར་མདོ་སྐྱ་གད་ཡུལ་ལ།། བདེ་སྐྱིད་ཉི་མ་ཤར་འདུག།

བདེ་ཆེན་དབང་མོས་བྲིས།        2023-05-18

དར་མདོ་སྐྱ་གད་ཡུལ་ལ།། བདེ་སྐྱིད་ཉི་མ་ཤར་འདུག།

      དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྲོག་རྩ་ལྟ་བུ་ནི་གཞུང་ལམ་ཡིན།  དུས་རབས20པའི་ལོ་རབས50པ་ནས་བཟུང་། རྒྱལ་ལམ317དང318པ་སྔ་རྗེས་སུ་རང་ཁུལ་གྱི་ལྷོ་བྱང་བརྒྱུད་ནས་བསྐྲུན་ཏེ་རླངས་འཁོར་ཤར་གཏོང་ཐུབ་པས། འགྲིམ་འགྲུལ་གྱི་འགག་རྩ་གལ་ཆེན་ཞིག་ཏུ་ཆགས་ཏེ། རང་ཁུལ་གྱི་ཆབ་སྲིད་བརྟན་ལྷིང་དང་དཔལ་འབྱོར་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་བཅས་ཀྱི་ཐད་བྱས་རྗེས་གལ་ཆེན་བཞག་ཡོད་པ་རེད། དུས་རབས་འདི་ནས་བཟུང་། རྒྱལ་ཁབ་ཀྱིས་གཞུང་ལམ་དྲ་བ་ལེགས་པར་བསྒྲིགས་ཤིང་། རང་ཁུལ་གྱི་རྒྱལ་ལམ་མང་དུ་སོང་ཞིང་རྫོང་ཁག་ཕལ་ཆེར་རྒྱལ་ལམ་ཡོད་པ་རེད། ད་ཆ་དཀར་མཛེས་ཁུལ་གྱི་ས་གཞི་ཆེན་མོར་གཡུ་འབྲུག་ཐང་ལ་འཕོས་པ་འདྲ་བའི་རྒྱལ་ལམ་རེ་རེས་བཀྲག་མདངས་འཚེར་བའི་མུ་ཏིག་ལྟ་བུ་གྲོང་ཁྱེར་དང་གྲོང་སྡེ་གཅིག་ཏུ་སྦྲེལ་བ་དང་ཆབས་ཅིག། མི་རིགས་ཁག་མཐུན་སྒྲིལ་དམ་ཟབ་ཡོང་དུ་བཅུག་ཡོད། ཚེས15ཉིན་ནས་བཟུང་འདི་ག་ཚགས་པར་ཁང་གིས་རྒྱལ་ལམ་བརྒྱུད་ནས་དཀར་མཛེས་ཁུལ་ལ་ལྟ། གཞི་རིམ་དུ་བསྐྱོད་དེ་ནུས་པ་བཞི་ལག་ལེན་དུ་བསྟར་ཞེས་པའི་ལེ་ཚན་སྤེལ་ཏེ།རང་ཁུལ་གྱི་ས་གནས་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་སྣེ་ཁྲིད་དུ་བྱེད་པ་དང་།ཁུལ་ཨུའི“གཙོ་ཕྱོགས་གཅིག་རྒྱུན་འཁྱོངས་དང་དཔེ་སྟོན་ཁུལ་གཉིས་དང་གནས་ཡུལ་གསུམ་སྐྲུན་པ། སྒུལ་ནུས་ཆེན་པོ་བཞི་སྐྱེད་སྲིང་།འཐབ་ཇུས་ཆེན་པོ་ལྔ་ལག་བསྟར”བཅས་ཀྱི་སྤྱིའི་བཀོད་སྒྲིག་ལག་ལེན་དོན་ཐོག་འཁྱོལ་ཏེ། རྒྱལ་ལམ་འགྲམ་རྒྱུད་དུ་བྱུང་བའི་འགྱུར་ལྡོག་དེ་དག་འཚོལ་ཞིབ་བྱས་ཏེ། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་དང་། ཕྱུག་འབྱོར། འཆམ་མཐུན། མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་བསྐྲུན་པར་ངར་ཤུགས་བསླང་རྒྱུ་ཡིན།

      གྲོང་སྡེ་དར་རྒྱས་ཡོང་བ་ལམ་གྱི་དྲིན།།  ཡུལ་མི་ཕྱུག་པོར་ཆགས་པ་ལམ་ལ་བརྟེན།། དབྱར་འགོ་འཛུགས་མ་ཐག། དར་མདོ་གྲོང་ཁྱེར་སྐྱ་གད་གྲོང་རྡལ་རི་ངོས་གྲོང་སྡེར་འོ་སེ་མེ་ཏོག་ཡོངས་སུ་བཞད། ཡུལ་མི་ཚེ་རིང་དབང་རྒྱལ་གྱིས་ཞོགས་པར་བོད་ཕག100ལྷག་རི་ལ་བདས་རྗེས་ཞོགས་རྒྱགས་བཏུང་ནས་གྲོང་སྡེའི་ཐུན་མོང་གི་རིག་གནས་ཡུལ་སྐོར་ལས་གཞི་རྟེན་གནས་སུ་ཕྱིན་པ་དང་། ལས་གཞི་མཇུག་བསྒྲིལ་ལ་ཉེ་བ་མཐོང་དུས། ཁོའི་སེམས་པ་ཧ་ཅང་དགའ་པོ་བྱུང་། 

     རི་ངོས་གྲོང་སྡེ་ལ་ཡང་ས་ཆ་གཞན་དག་དང་འདྲ་བར་ཐོག་མར་རྐང་ལམ་ཕྲ་མོ་ནས་ས་རྡོ་འདྲེས་མའི་གཞུང་ལམ། དེ་ནས་ཨར་འདམ་ལམ་བཅས་ཀྱི་འཕོ་འགྱུར་གསུམ་བྱུང་ཡོད་ཅིང་། དེང་སང་གྲོང་བགྲོད་གཞུང་ལམ་དུད་ཚང་སོ་སོའི་སྒོ་ཁར་བསླེབས་ཡོད། གྲོང་སྡེ་ཡོངས་ཀྱི་དུད་ཚང45ལས་དུད་ཚང40ཡིས་རླངས་འཁོར་ཉོས་ཡོད་པ་དང་། 2022ལོར་རི་ངོས་གྲོང་སྡེའི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི1.7ལ་ཟིན་ནས་འབྱོར་འབྲིང་གྲོང་སྡེའི་གྲས་སུ་བསླེབས་ཡོད།

དར་མདོ་སྐྱ་གད་ཡུལ་ལ།། བདེ་སྐྱིད་ཉི་མ་ཤར་འདུག།


ཚེ་རིང་དབང་རྒྱལ་གྱིས་འཚོ་བ་སྐྱིད་པོ་ད་དུང་རྗེས་ལ་ཡོད་ཅེས་བཤད། 

      ཚེ་རིང་དབང་རྒྱལ་དེ་སྔོན་གྱི་དུད་ཚང་དབུལ་པོ་ནས་ད་ལྟར་ཕྱུག་པོ་སྣེ་ཁྲིད་མཁན་དུ་གྱུར་ཡོད། ཁོས་ཕྱོགས་བཞི་མཚམས་བརྒྱད་སྦྲེལ་བའི་འགྲིམ་འགྲུལ་དྲྭ་ལམ་མེད་ན་ཡུལ་མི་ཚོར་ད་ལྟའི་བདེ་སྐྱིད་འཚོ་བ་ག་ལ་ཡོད་ཅེས་བཤད་པ་རེད། ཁོས་གྲོང་སྡེར་འགྲིམ་འགྲུལ་འགྱུར་ལྡོག་ཆེན་པོ་བྱུང་བའི་བདེན་དཔང་བྱས་ཐུབ། དུས་རབས20པའི་ལོ་རབས70པར་ར་རྔ་ཁ་ནས་བརྒྱད་ཟིལ་རྫོང་བར་གྱི་གཞུང་ལམ་ད་དུང་བསྐྲུན་མེད་ཅིང་། རྒན་རབས་ཚོ་ར་རྔ་ཁར་འགྲོ་དགོས་ན་རྟ་ལ་བཞོན་ནས་འགྲོ་དགོས་ལ། དར་མདོ་གྲོང་ཁྱེར་དུ་འགྲོ་དགོས་ན་དེ་ལས་ཀྱང་དཀའ་ཁག་ཆེ། 2014ལོར་རི་ངོས་གྲོང་སྡེ་ཡུལ་ཤོག་ཡོངས་ཀྱི་གྲོང་སྡེ་དབུལ་ཕོངས་ཀྱི་གྲས་སུ་ཡོད། ཚེ་རིང་དབང་རྒྱལ་གྱིས་ཞིང་ལས་དང་ཞོར་ལས་སོགས་ཐབས་གང་དྲགས་བྱས་ཀྱང་ལོ་རེར་ཡོང་འབབ་སྒོར2000ལས་མེད་པ་རེད།     

      དབུལ་ཐར་འགག་སྒྲོལ་བྱེད་འགོ་བཙུགས་པ་ནས་བཟུང་། ཚེ་རིང་དབང་རྒྱལ་ཚང་ཡང་མ་མཐའི་འཚོ་བ་འགན་ལེན་དུད་ཚང་གི་ཁོངས་སུ་ཚུད་ཡོད། 2016ལོའི་ལོ་འགོར། གྲོང་རྡལ་དང་གྲོང་སྡེའི་ལས་བྱེད་པས་ང་ལ་གསོ་སྤེལ་ལས་རིགས་འཕེལ་རྒྱས་གཏང་ན་ཡག་པོ་ཡོད་པའི་ཐབས་ལམ་བསྟན། ཁོས་ཀྱང་རང་ངོས་ཀྱི་གནས་ཚུལ་གཞིགས་ནས་བོད་ཕག་གསོ་རྒྱུ་ཐག་བཅད། བཤད་པ་ལས་སྒྲུབ་པ་དགའ་ཞེས་པ་ལྟར་གྲོང་རྡལ་དང་གྲོང་སྡེའི་ལས་བྱེད་པ་དང་གྲོང་སྡེར་བཅའ་སྡོད་ཧྲུའུ་ཅི་དང་པོ་ཚོས་འཕྲལ་མར་ལས་ཀ་བསྒྲུབས་ཏེ། ཚེ་རིང་དབང་རྒྱལ་ལ་མ་དངུལ་སྒོར་ཁྲི8.3རག་ཐབས་བྱས་ཏེ་སྨི་གྲུ་བཞི་མ300ཙམ་གྱི་ཚད་ལྡན་ཕག་གསོ་ར་བ་བསྐྲུན་རོགས་བྱས། ཚེ་རིང་དབང་རྒྱལ་གྱིས་ཡུལ་མི་གཡང་འཛོམས་དང་ཚེ་རིང་དཔལ་མོ་གཉིས་ཀྱི་སྐྱེད་གསབ་དངུལ་བུན་མ་རྐང་དུ་ཞུགས་པ་སྒོར་ཁྲི6གི་ཐོག་རང་གིས་བསྡུས་པའི་མ་དངུལ་བསྣན་ནས་ལོ་དེར་བོད་ཕག100ལྷག་གསོས་པ་རེད།2017ལོར་བོད་ཕག་ཐེངས་དང་པོར་བཙོངས་ནས་མ་རྩ་ཕུད་རྗེས་ཚེ་རིང་དབང་རྒྱལ་ལ་ཁེ་བཟང་སྒོར་ཁྲི10རག་ཡོད་པ་རེད། 

      ཚེ་རིང་དབང་རྒྱལ་གྱིས་ད་ལོའི་ཟླ་བ10པར་བོད་ཕག་མགོ་གྲངས200ལ་ཟིན་ཐུབ། ང་རང་ག་ས་ག་ལ་རྒྱུག་མི་དགོས་པ་སྒོ་ཁར་ཕག་གསོས་ནས་དཔལ་འབྱོར་ཆ་རྐྱེན་བཟང་པོ་བྱུང་། འཚོ་བ་སྐྱིད་པོ་ད་དུང་རྗེས་ལ་ཡོད་ཅེས་བཤད་པ་རེད།

 དར་མདོ་སྐྱ་གད་ཡུལ་ལ།། བདེ་སྐྱིད་ཉི་མ་ཤར་འདུག།

གྲོང་སྡེ་མཛེས་སྡུག་ལྡན་པའི་བདེ་སྐྱིད་ཀྱི་རྣམ་པ། 

      སྤྱི་ཟླ5པའི་ཚེས12ཉིན། རི་ངོས་གྲོང་སྡེའི་ཡུལ་སྡེའི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་གཙོ་གནས་ལས་གཞི་སྐྲུན་ཡུལ་དུ། ལོ་བདུན་ལ་ཧྲུའུ་ཅི་དང་པོའི་འགན་ཁུར་པའི་དར་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ལིའུ་ཐའོ་ཡིས་ཡུལ་དངོས་སུ་ཨར་ལས་ཀྱི་འཕེལ་རིམ་དང་སྤུས་ཚད་ལ་ལྟ་སྐུལ་ཞིབ་བཤེར་བྱེད་བཞིན་ཡོད། ཁོས་གསར་འགོད་པར་རི་ངོས་གྲོང་སྡེའི་ཡུལ་སྡེ་དར་རྒྱས་དཔེ་སྟོན་གྲོང་སྡེའི་ལས་གཞི་ནི་དར་མདོ་གྲོང་ཁྱེར་གྱི2023ལོའི་གྲོང་སྡེའི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཛུགས་སྐྲུན་གྱི་གཙོ་གནད་ལས་གཞི་ཞིག་རེད། ཁྱོན་མ་དངུལ་སྒོར་ཁྲི500ཙམ་བཏང་ནས་རླངས་འཁོར་སྒར་ས་དང་། འོ་སེ་མེ་ཏོག་མཛེས་ལྗོངས་ལྟ་སྟེགས། གོམ་བགྲོད་ལམ་བུ་བསྐྲུན་པ་དང་། གྲོང་སྡེའི་རིག་གནས་དང་ལུས་རྩལ་སྒྲིག་བཀོད། གྲོང་སྡེའི་རྣམ་པ་ལེགས་སུ་གཏང་དགོས་ཞེས་བཤད། ལས་གཞི་གྲུབ་རྗེས། རི་ངོས་གྲོང་སྡེའི་ཡུལ་སྐོར་བའི་ཡིད་དབང་འཕྲོག་ནུས་ཆེ་རུ་ཕྱིན་ནས་ཡུལ་མི་ཚོའི་གནས་ཚང་སྣེ་ལེན་དང་ཞིང་ལས་ཁྱད་ཆོས་ཐོན་རྫས་ཕྱིར་ཚོང་སོགས་ལ་སྐུད་ཁྲིད་ཆེན་པོ་ཐེབས་ཐུབ། ལས་གཞི་དེ་སྔོག་དཔག་བྱས་ན་ད་ལོའི་སྤྱི་ཟླ5པའི་ཟླ་མཇུག་ཏུ་ལས་མཇུག་འགྲིལ་ཐུབ་རྒྱུ་རེད། 

    ཉེ་བའི་ལོ་ཤས་རིང་ལ་རི་ངོས་གྲོང་སྡེས་འབྲི་གཡག་དང་བོད་ཕག་གསོ་ཚགས། ཁྱད་ཆོས་གནས་ཚང་། རི་མོ་ཞིབ་འབྲིའི་རྟེན་གཞི་བཅས་ཀྱིས་གཙོས་པའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ལོ་རེར་དུད་ཚང་རེ་ལ་ཡོང་འབབ་སྒོར2000འཕར་ཐུབ་ཡོད། 

དར་མདོ་སྐྱ་གད་ཡུལ་ལ།། བདེ་སྐྱིད་ཉི་མ་ཤར་འདུག།

འབྱུང་འགྱུར་སེམས་ཕུགས་སུ་ཉར་བའི་རེ་འདུན། 

     དར་མདོ་གྲོང་ཁྱེར་སྐྱ་གད་གྲོང་རྡལ་ལི་ཚེ་གྲོང་སྡེའི་མི་ཉག་གི་ཁྱད་ཆོས་ཡོད་པའི་བོད་ཁང་གིས་ཡུལ་སྐོར་བའི་སེམས་པ་བཀུག། 

     གྲོང་སྡེའི་ཀྲི་པུའུ་ཧྲུའུ་ཅི་དཀོན་མཆོག་དོན་འགྲུབ་ཚང་གི་སྒོ་ཁར་ལོ200ལས་བརྒལ་བའི་གནའ་བོའི་ལྗོན་ཤིང་གཉིས་སྐྱེས་ཡོད་ལ། ལྗོན་ཤིང་དེ་གཉིས་ཕན་ཚུན་འབྲེལ་ནས་ཡོད་པས་མཛའ་གྲོགས་མང་པོས་ཤིང་སྡོང་འོག་པར་བླངས་ནས་རྟེན་འབྲེལ་རྩི་བཞིན་ཡོད། 2021ལོར་དཀོན་མཆོག་དོན་འགྲུབ་ཀྱིས་མ་དངུལ་སྒོར་ཁྲི80བཏང་སྟེ། རང་ཁྱིམ་གྱི་ཁང་པ་རྙིང་པའི་ནང་ཁོག་ཚང་མ་ཤིང་གིས་མཛེས་བཟོ་བྱས་པའི་ཐོག། ཕྱོགས་སོ་སོ་ནས་ཞིང་ལས་ལག་ཆ་དང་འཚོ་བའི་སྤྱོད་ཆས་བསྡུས་ནས་ནང་དུ་བཞག་པ་དང་། དམངས་སྲོལ་འགྲུལ་ཁང་གི་མིང་ལ་ཁྱོ་ཤུག་ཤིང་བོད་པའི་གནས་ཚང་ཞེས་བཏགས་པ་རེད། 

དར་མདོ་སྐྱ་གད་ཡུལ་ལ།། བདེ་སྐྱིད་ཉི་མ་ཤར་འདུག།

       དཀོན་མཆོག་དོན་འགྲུབ་ཀྱིས་ད་ལོའི་ལྔ་གཅིག་གུང་གསེང་རིང་། རང་ཁྱིམ་གྱི་མགྲོན་ཁང་གི་འགྲུལ་ཤག14ལ་ཉིན་རྟག་པར་མགྲོན་པོས་གང་ཡོད་པས། ཡོང་འབབ་སྒོར་ཁྲི3རག་བྱུང་། ངས་ད་དུང་མགྲོན་ཁང་གི་འགྲུལ་ཤག4མཛེས་བཟོ་བྱས་ནས་སྣེ་ལེན་ནུས་པ་ཆེ་རུ་གཏང་རྒྱུ་ཡིན་ཞེས་བཤད། ཁོའི་སྐུལ་ཁྲིད་འོག་གྲོང་སྡེར་འགྲུལ་ཁང་གནས་ཚང་གསུམ་བཙུགས་ཡོད།

       སྐྱ་གད་གྲོང་རྡལ་གྱི་ཏང་ཨུ་ཧྲུའུ་ཅི་བསྟན་འཛིན་གྱིས2021ལོར་མཐིལ་དབུས་གྲོང་སྡེར་མི་ཉག་བཟོ་སྐྲུན་གྱི་ཁྱད་ཆོས་མངོན་པའི་མཐིལ་དབུས་ནས་ཀྱི་གཞིས་ཀ་ཞེས་པའི་དམངས་སྲོལ་མགྲོན་ཁང་བསྐྲུན་ཚར། 2022ལོར་རྡོ་ར་གྲོང་སྡེའི་དུད་ཚང46གི་དམངས་སྲོལ་མགྲོན་ཁང་ལ་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་རིམ་སྤོར་བྱས་ཡོད། གྲོང་ཁྱེར་ཏང་ཨུའི་རྩ་འཛུགས་པུའུ་ཡིས་མ་དངུལ་སྒོར་ཁྲི100བཏང་ནས་གྲོང་སྡེའི་ཐུན་མོང་དཔལ་འབྱོར་སྟོབས་ཆེར་གཏོང་རོགས་བྱས་པ་དང་། ཀྲེ་ཅང་ཧང་ཀྲོའུ་ཞའོ་ཧྲན་ཆུས་ཀྱིས“མི་ཉག་ཡུལ་སྲོལ་གྲོང་སྡེ”རོགས་སྐྲུན་བྱས་པའི་ལས་གཞི་བདེ་བླག་ངང་གྲུབ་ཡོད། རི་ངོས་གྲོང་སྡེ་དང་རི་ཐོག་གྲོང་སྡེའི་ཡུལ་སྡེ་དར་རྒྱས་ལས་གཞི་དང་། མཐིལ་དབུལ་གྲོང་སྡེ་ལྟེ་བར་བྱས་པའི“ནས་ཀྱི་དེང་རབས་ཞིང་ལས་གླིང་ཁུལ”གཉིས་ད་ལྟར་ཚ་ཚ་འུར་འུར་ངང་སྐྲུན་བཞིན་པའི་སྒང་རེད།སྤྱི་ཟླ5པའི་ཟླ་མཇུག་ཏུ་གངས་དཀར་མངར་འབྲས་ཞེས་པའི་དུས་ཆེན་ཞིག་ཀྱང་སྤེལ་རྒྱུ་རེད་ཅེས་བཤད་པ་རེད།།

  • ལེ་ཚན་སྔོན་མ།:ཁུལ་ཨུས་དར་མདོ་གྲོང་ཁྱེར་གྱི་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:ཐོན་ཁུངས་རང་སྤུས་ལ་གཞིགས་ཏེ་ཞིབ་བསྡུར་གྱི་ལེགས་ཆ་བཏོན་ནས་ཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་ཤུགས་ཆེ་རུ་གཏང་དགོས།
  • དོ་སྣང་ཆེ་བའི་རྩོམ།